བུ་བཅོལ་སྒྲིག་གཞི་བཟང་། དམངས་ལ་སྟབས་བདེ་བསྐྲུན།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

     ཀུན་ཕན་བུ་བཅོལ་དང་བཅོལ་གསོ་གཞི་གཅིག་ཅན་གྱི་ཞབས་ཞུ་འཕེལ་རྒྱས་བཏང་ནས། འབྲེལ་ཡོད་ལམ་ལུགས་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་དགོས།

     —— “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོ་ལས་དྲངས།

     ཤིན་ཅང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ཐེན་ཧྲན་ཆུས་སུ་སྡོད་པའི་གྲོང་མི་ལི་ཅེ་ཡིས་ཡིའུ་ཡིའུ་ཁྱིམ་ཚང་བུ་བཅོལ་ལྟེ་གནས་ནས་ལོ་2ལྷག་ཙམ་ལ་སླེབས་པའི་བུ་ཁྲེན་ཁྲེན་བསུས་ཏེ་ཁྱིམ་དུ་ལོག་པ་དང་། ཁྱིམ་སྒོ་འཛུལ་མ་ཐག་ཁྲེན་ཁྲེན་གྱིས་བཀོད་འདོམས་བྱེད་འགོ་ཚུགས།

     འདྲུད་ལྷམ་བརྗེས་རྗེས། ཁྲེན་ཁྲེན་གྱིས་ཁ་དཀྲིས་བཀྲོལ་བ་དང་། སྟོད་གོས་ཕུད་པ། ལྷམ་སྒམ་ནང་ལྷམ་བཞག་པ་དང་། དེ་ནས་རང་ཉིད་ཀྱི་གྱོན་ཆས་ལྟེབ་རྩེག་ཡག་པོ་བརྒྱབ་པ་དང་ལག་པ་གཙང་མ་བཀྲུས་རྗེས། གཞི་ནས་གསོལ་ཅོག་གི་མདུན་དུ་བསྡད་ནས་ཁ་ལག་ཟ་རྩིས་བྱས།

     ལི་ཅེ་ཡིས་དགའ་ཚོར་ཆེན་པོས“བུ་བཅོལ་ལྟེ་གནས་སུ་ཐོག་མར་སྐྱེལ་སྐབས་ཟླ་བ་བཅུ་ལ་སོན་ཙམ་ཡིན་པས། ‘ཨ་མ’ཞེས་འབོད་ཤེས་ཙམ་ལས་མེད། ད་ལྟ་སྐད་ཆ་ཤོད་རྒྱུར་དགའ་བའི་ཕྲུ་གུ་ཆུང་ཆུང་ཞིག་ཏུ་གྱུར་ཞིང་། ཉིན་ལྟར་ཁྱིམ་དུ་ལོག་པའི་ལམ་བར་དུ་བུ་བཅོལ་ལྟེ་གནས་ཀྱི་དོན་དག་རང་འགུལ་ངང་ཤོད་ཀྱི་འདུག ང་རང་གི་བུ་ལ་འཚོ་བའི་གོམས་གཤིས་བཟང་པོ་འཇགས་པ་མ་ཟད། རང་མགོ་ཐོན་ནུས་ཀྱང་ཆེ་རུ་ཕྱིན་འདུག”ཅེས་བརྗོད།

     2023ལོར་ཁྲེན་ཁྲེན་སྐྱེས་པས་ལི་ཅེ་ཡི་ནང་མི་ཚོར་དགའ་ཚོར་དཔག་མེད་བྱུང་། བཙའ་གསོའི་ངལ་གསོ་ཚར་རྗེས། ལི་ཅེ་སླར་ཡང་ལས་གནས་སུ་ལོག་དགོས་པས། ཕྲུ་གུར་ལྟ་རྟོག་བྱེད་མཁན་མེད་པའི་སེམས་ཁྲལ་དེ་མུར་བྱུང་། ལི་ཅེ་ཡིས“ང་ཚོའི་ཁྱིམ་གྱི་རྒན་རྒོན་ཚང་མ་ཝུའུ་ལུའུ་མུའུ་ཆི་རུ་མེད། བུ་རྫི་གླ་བར་ཟླ་བ་གཅིག་ལ་གླ་ཆ་མི་ཉུང་བ་ཞིག་སྤྲོད་དགོས་པ་མ་ཟད། ད་དུང་ཕྲུ་གུར་ལྟ་རྟོག་ཡག་པོ་བྱས་ཨེ་ཡོང་སྙམ་པའི་སེམས་ཁྲལ་འདུག”ཅེས་བརྗོད།

     “བུ་བཅོལ་ཁང་དུ་བཅོལ་ནས་ཚོད་ལྟ་ཞིག་གྱིས་དང”ཞེས་ལས་རོགས་ཤིག་གིས་ལི་ཅེ་ལ་དྲན་སྐུལ་བྱས།

     ལི་ཅེ་ཡི་བག་ཆགས་ནང་བུ་བཅོལ་ཁང་ནི་ཕྲུ་གུར་ལྟ་རྟོག་བྱེད་རོགས་བྱེད་མཁན་ཙམ་ཞིག་རེད། བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་རྗེས། ལི་ཅེ་ཡིས་སྔོན་ལ་ས་ཡུལ་དངོས་སུ་ཐེངས་གཅིག་ལྟ་བར་འགྲོ་རྒྱུའི་སེམས་ཐག་བཅད།

     ལི་ཅེ་ཡིས“བུ་བཅོལ་ལྟེ་གནས་ཁྱིམ་གྱི་ཉེ་འགྲམ་དུ་ཡོད་པ་དང་སྒྲིག་ཆས་ཀྱང་འཐུས་སྒོ་ཚང་པོ་འདུག ཕྲུ་གུ་དམར་འབྱར་ལ་ལྟ་རྟོག་བྱེད་མཁན་གྱིས་ཕྲུ་གུར་ལྟ་རྟོག་ཞིབ་ཚགས་པོ་བྱེད་པ་མ་ཟད། ད་དུང་ཆེད་མངགས་ཁ་ལག་བཟོ་མཁན་གྱི་མ་བྱན་ཡང་འདུག གཞན་ཡང་། དེ་ནི་སྲིད་གཞུང་གི་ཁས་ལེན་ཐོབ་པའི་ཀུན་ཕན་བུ་བཅོལ་སྒྲིག་གཞི་ཞིག་ཡིན་པ་གང་ཞིག ཟླ་རེའི་བུ་བཅོལ་འགྲོ་སོང་ཡང་བུ་རྫི་གླ་བའི་1/3ཀྱང་ཟིན་གྱི་མི་འདུག”ཅེས་བརྗོད། 2024ལོའི་ཟླ་5པར། ཁྲེན་ཁྲེན་དངོས་སུ་བུ་བཅོལ་ཁང་དུ་ཞུགས་པས། ལི་ཅེ་ཡང་བློ་བདེ་པོའི་ངང་ལས་ཀར་འགྲོ་ཐུབ་པ་བྱུང་།

     ཡིའུ་ཡིའུ་ཁྱིམ་ཚང་བུ་བཅོལ་ལྟེ་གནས་ནི་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་གཞུང་ཁོངས་ཁེ་ལས་སུ་གཏོགས་པའི་ཝུའུ་ལུའུ་མུའུ་ཆི་བུད་མེད་མཉམ་འབྲེལ་ལྷན་ཚོགས་བྱིས་པའི་སློབ་གསོ་ཚོགས་པ་ཚད་ཡོད་ཀུང་སིས་བཙུགས་པ་དང་། དེ་ནི་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱི་ཁས་ལེན་ཐོབ་པའི་ཀུན་ཕན་བུ་བཅོལ་སྒྲིག་གཞི་ཞིག་རེད། དེའི་འགན་འཁུར་བ་ཧྲི་དབྱིང་མེ་ཡིས་ངོ་སྤྲོད་བྱས་དོན། ནོར་སྲིད་མ་དངུལ་གྱི་རྒྱབ་སྐྱོར་འོག བུ་བཅོལ་ལྟེ་གནས་ཀྱིས་ཚད་ལྡན་ཅན་གྱི་རིམ་སྤོར་སྒྱུར་བཀོད་བྱས་པས། ལོ་0ནས་3བར་གྱི་བྱིས་པར་དེ་བས་འཚམ་པོ་ཡོད་པ་རེད།

     “ཀུན་ཕན་བུ་བཅོལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད། ང་ཚོས་ཀུན་ཕན་བུ་བཅོལ་སྒྲིག་གཞིར་སོལ་རླངས་དང་། དྲོད་རླངས། གློག་བཅས་སྤྱོད་སྐབས་དམངས་སྤྱོད་རིན་གོང་སྲིད་ཇུས་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་བས། སྨི་ངོས་གྲུ་རེ་ཁོ་ནར་བཏང་བའི་དྲོད་རླངས་ཀྱི་མ་གནས་སྒོར་9གྲོན་ཆུང་ཐུབ་ཀྱི་འདུག”ཅེས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་མི་འབོར་ལྟ་ཞིབ་ཚད་ལེན་དང་ཁྱིམ་ཚང་འཕེལ་རྒྱས་ཁོའོ་ཡི་ཁོའོ་ཀྲང་ཀྲུའུ་ནའེ་ཅིང་གིས་བརྗོད།

     “བུ་བཅོལ་ཁང་དུ་ཕྲུ་གུ་བཅོལ་མཁན་ཁྱིམ་བདག་གི་ཁྲོད་དུ། ལ་ལ་ནི་ཁྲེན་ཁྲེན་གྱི་ཨ་མ་དང་འདྲ་བར་ཁྱིམ་དུ་ཕྲུ་གུར་ལྟ་རྟོག་བྱེད་མཁན་མེད་པས་བུ་བཅོལ་ཁང་དུ་མ་བཅོལ་ཐབས་མེད་ཡིན་པ་དང་། ལ་ལ་ནི་བུ་བཅོལ་ལྟེ་གནས་ཀྱི་ཚན་རིག་དང་མཐུན་པའི་བྱིས་པ་གསོཐབས་ལ་དགའ་པོ་བྱེད་མཁན་ཡིན་པས། བྱིས་གསོའི་ཐད་དགོས་མཁོ་དེ་བས་ཆེ་བ་ཡོད”ཅེས་ཧྲི་དབྱིང་མེ་ཡིས་བརྗོད།

     ད་ལོའི་ཟླ་10པར། ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ཐོའུ་ཐུན་ཧོ་ཆུས་སུ་སྡོད་མཁན་གྲོང་མི་ཁྲེན་ཞང་གིས་ལོ་3ལ་སླེབས་ཉེར་ཡོད་པའི་བུ་ཙའེ་ཙའེ་ཁྱིམ་གྱི་ཉེ་འགྲམ་དུ་གནས་པའི་རང་བྱུང་ཁམས་ལ་དགའ་ཞེན་ཞེས་པའི་བུ་བཅོལ་ལྟེ་གནས་སུ་བཅོལ་བ་རེད། ཁྲེན་ཞང་གིས“དེ་སྔ་ཁྱིམ་དུ་སྤོ་བོ་དང་རྨོ་བོ་ཡིས་ཕྲུ་གུར་ལྟ་རྟོག་བྱེད་ཀྱི་ཡོད། འོན་ཀྱང་། ཕྲུ་གུ་རིམ་བཞིན་ལོངས་པ་དང་བསྟུན་ནས་འཚུབ་ཏུ་ཕྱིན་པའི་ཁར། རྒན་རབས་ཚོས་གཅེས་ལངས་སུ་བཏང་བས་གླགས་འཁེལ་གྱི་མི་འདུག”ཅེས་བརྗོད་པ་དང་། ཁོང་གིས། ཚན་རིག་དང་མཐུན་པའི་བྱིས་པ་གསོ་ཐབས་ལ་བརྟེན་ནས། ཕྲུ་གུའི་རང་སྐྱ་འཕེར་ནུས་ཆེ་རུ་གཏོང་བ་དང་། སྒྲིག་ཡོད་པ་ཆགས་ཏེ་བུ་བཅོལ་ཁང་བདེ་བླག་ངང་ཐོན་ཐུབ་པའི་རེ་བ་ཡོད་ཅེས་བརྗོད།

     ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་ཤས་རིང་། ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱིས་ཀུན་ཕན་བུ་བཅོལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་ཧུར་ཐག་བཏོན་ནས། སྡེ་ཁུལ་གྱི་བསྒར་རྒྱན་རྣམ་པའི་བུ་བཅོལ་དང་། བཅོལ་གསོ་གཞི་གཅིག་ཅན། ཁྱིམ་ཚང་གི་བུ་བཅོལ་ས་ཚུགས། མི་སྤྱོད་ཚན་པས་བུ་བཅོལ་ཁང་གཉེར་བ་སོགས་ཀྱི་བུ་བཅོལ་ཞབས་ཞུ་ཚོད་ལྟ་དང་འཕེལ་རྒྱས་བཏང་སྟེ། ཀུན་ཕན་བུ་བཅོལ་སྒྲིག་གཞི་20གཏན་འཁེལ་བྱས་པ་དང་བཅོལ་ཡུལ་1730སྒོ་ཕྱེ་ཡོད་པ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།