མཚོ་སྔོན་ཞིང་ཆེན་གྱིས་དབང་གནོད་རྫུན་བཟོ་ལ་བཅོས་སྐྱོང་བྱེད་པའི་སྐོར་མང་པོ་གཅིག་བསྡུས་ཀྱིས་མེད་པར་བཟོ་བའི་འགུལ་སྐྱོད་བསྟུད་མར་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ནས་སྤེལ་བའི་གནས་ཚུལ་ལྟར་ན། དབང་གནོད་རྫུན་བཟོའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། འདྲ་མཉམ་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་སྲོལ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་ཏན་ཏིག་གིས་སྲུང་སྐྱོང་བྱེད་ཆེད། ཉེ་བའི་ལོ་འགའི་རིང་། རང་ཞིང་གིས་དབང་གནོད་རྫུན་བཟོའི་ཚོང་རྫས་རྫུན་མ་གཅིག་བསྡུས་ཀྱིས་མེད་པར་བཟོ་བའི་འགུལ་སྐྱོད་སྤེལ་བས་ཕན་འབྲས་མངོན་གསལ་བླངས་ཡོད།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་དབང་གནོད་རྫུན་བཟོའི་བྱ་བར་རྡུང་རྡེག་གཏོང་རྒྱུ་དེ་སྟོབས་ལྡན་ཞིང་ཆེན་འཛུགས་པར་སྐུལ་འདེད་གཏོང་བ་དང་ཁྲོམ་རའི་བདེ་ཐང་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཡོད། སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་གྱི་མཐུན་སྦྱོར་སྐུལ་སྤེལ་འགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་མཐུན་སྦྱོར་འོག ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྤྱི་བདེ་དང་ཞིང་ལས་ཞིང་སྡེ། རིག་གནས་ཡུལ་སྐོར། སྒོ་ཁྲལ་སོགས་སྡེ་ཁག་མང་པོར་མཉམ་འབྲེལ་སྒོས་མཐུན་སྦྱོར་མཉམ་འཐབ་བྱས་ཏེ། གོང་འོག་སྦྲེལ་མཐུད་དང་མཉམ་འཛིན་སྤྱི་འདོམས་ཀྱི་བྱ་བའི་རྣམ་པ་གྲུབ་ཡོད། གཞི་ཁྱོན་ཆེ་ཞིང་སྒྲིག་བཀོད་ལེགས་པའི་གཅིག་བསྡུས་ཀྱིས་དབང་གནོད་རྫུན་བཟོ་མེད་པར་བཟོ་བའི་བྱ་འགུལ་རབ་དང་རིམ་པ་བརྒྱུད་དེ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་དབང་གནོད་རྫུན་བཟོ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བའི་བརྡ་གསལ་བོ་བཏང་བ་དང་། ཁྲིམས་འགལ་ཉེས་གསོག་ཐད་ཟིལ་ཤུགས་ཆེན་པོ་ཐེབས་པར་བྱས།

ཉེ་བའི་ལོ་གསུམ་གྱི་རིང་། རང་ཞིང་གིས་ལེགས་བཅོས་ཀྱི་རྣམ་པ་ཡག་པོ་བསྟུད་མར་སྲུང་འཛིན་བྱས་ནས། སྔ་རྗེས་སུ་རྒྱལ་ཡོངས་གཅིག་གྱུར་གྱིས་དབང་གནོད་རྫུན་བཟོ་མེད་པར་བཟོ་བའི་འགུལ་སྐྱོད་སྤེལ་སའི་ཡན་ལག་ཚོགས་ར་བྱས་པར་མ་ཟད་རང་བདག་གིས་སྐོར་ཐེངས་མང་བའི་གཅིག་བསྡུས་ཀྱིས་མེད་པར་བཟོ་བའི་འགུལ་སྐྱོད་རྩ་འཛུགས་བྱས། མེད་པར་བཟོ་བའི་ཁྱབ་ཁོངས་སྔར་ལས་ཆེ་རུ་བཏང་ཞིང་རིགས་སྣ་སྔར་ལས་ཇེ་མང་དུ་བཏང་། ལོ་ངོ་གསུམ་གྱི་རིང་། དབང་གནོད་རྫུན་བཟོའི་ཚོང་རྗས་མེད་པར་བཟོ་བའི་ཁྱབ་ཁོངས་སུ་ཟས་རིགས་དང་མཛེས་ཆས་བྱུགས་རྫས། ཐ་མག་གི་རིགས། ཞིང་ཞོར་ཐོན་རྫས། རྒྱུན་བཀོལ་ཡོ་བྱད། བཟོ་ལས་ཐོན་རྫས། སྒྲ་བརྙན་ཐོན་རྫས་སོགས་རིགས་ཆེན་པོ་ཉེར་དྲུག་དང་སྣ་ཁ་ལྔ་བརྒྱ་དོན་གཉིས་ཡོད་ལ། སྤྱིའི་ལྗིད་ཚད་ཏུན་ལྔ་བརྒྱ་དང་བཅོ་ལྔར་སླེབས་ཡོད་པ་དང་། ཚོང་རྫས་ཀྱི་རིན་ཐང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་གཉིས་ལས་བརྒལ་ཞིང་། ཁྲོམ་རའི་སྒྲིག་སྲོལ་དང་མང་ཚོགས་ཀྱི་ཁེ་དབང་ལ་གནོད་པའི་ཚོང་རྫས་རྫུན་མ་ཕྱོགས་ཡོངས་ནས་གཙང་དག་བཟོས་པ་དང་། ཁྲོམ་རའི་ཁོར་ཡུག་ནུས་ལྡན་སྒོས་གཙང་མར་བཟོས།

མེད་པར་བཟོ་བའི་བྱ་བ་ཁྲིམས་མཐུན་ལུགས་མཐུན་དང་བདེ་འཇགས་ནུས་མཐོ་ཡོང་བར་ཁག་ཐེག་བྱེད་ཆེད། མེད་པར་བཟོ་བའི་འགུལ་སྐྱོད་གང་ཡིན་ཡང་ཁྲིམས་མཐུན་ཐག་གཅོད་དང་། མེད་པར་བཟོ་དགོས་པ་མེད་པར་བཟོ་བ། གནོད་མེད་ཅན་གྱི་ཐག་གཅོད། ཡང་བསྐྱར་འཁོར་རྒྱུག་བྱེད་པ་བཀག་འགོག་བཅས་ཀྱི་རྩ་དོན་བརྩི་སྲུང་ནན་མོ་བྱས། ཆེད་དུ་ཆེད་ལས་ཀྱི་ཐོབ་ཐང་ཡོད་པའི་ལས་ཁུངས་ལ་མངགས་བཅོལ་བྱས་ནས། ཆག་གྲུམ་དང་། མེད་པར་བཟོ་བ། བསྲེགས་པ་སོགས་ཚན་རིག་དང་མཐུན་པའི་གནོད་མེད་ཅན་གྱི་ཐག་གཅོད་བྱེད་ཐབས་སྤྱད་དེ། འགོ་ཁུངས་ནས་ཡང་བསྐྱར་སྦགས་བཙོག་བཟོ་བ་དང་ཚོང་རྫས་བསྐྱར་རྒྱུག་གི་ཉེན་ཁ་བཀག་འགོག་བྱས་པ་དང་། མེད་པར་བཟོ་བའི་གོ་རིམ་བདེ་འཇགས་ཡིན་ལ། འཁོར་སྲུང་གི་རེ་བ་དང་འཚམ་པར་ཁག་ཐེག་བྱས། དུས་མཚུངས་སུ། བརྒྱུད་རིམ་ཧྲིལ་བོའི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་བཙུགས་པ་དང་། མེད་པར་བཟོ་བའི་བརྒྱུད་རིམ་ཐད་ཀར་བརྙན་བླངས་ཤིང་། སྨྱན་བྱད་གསར་འགོད་པ་དང་སྤྱི་དམངས་ཀྱི་འཐུས་མི་རང་འགུལ་གྱིས་གདན་དྲངས་ནས་ཡུལ་དངོས་སུ་བདེན་དཔང་ལྟ་རྟོག་བྱས་ཏེ། བྱ་བའི་གསལ་ཚད་ལ་ཁག་ཐེག་བྱས་པར་མ་ཟད། སྲིད་གཞུང་སྡེ་ཁག་གིས་ཁྲོམ་རའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོང་བྱས་པའི་ལངས་ཕྱོགས་བརྟན་པོ་སྔར་ལས་མངོན་པར་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།