ཟླ12པའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་ནས་སྤེལ་བའི“ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཕེལ་རྒྱས་གྲུབ་འབྲས”ཞེས་པ་བརྗོད་གཞིར་བྱས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཆེད་དོན་ཚོགས་ར་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་བ་ནས་བཟུང་། མཚོ་སྔོན་གྱིས་ཁྱོན་སྡོམ་ཞིང་ཆེན་རིམ་པའི་ནོར་སྲིད་ཚན་རྩལ་གྱི་ཆེད་སྤྱོད་གྲོན་དངུལ་སྒོར་དུང་ཕྱུར25བཀོད་སྒྲིག་བྱས་ཏེ། ཞིང་ཆེན་རིམ་པའི་ཚན་རྩལ་འཆར་གཞིའི་ལས་གཞི200ལྷག་སྒྲིག་འཛུགས་ལག་བསྟར་བྱས་པ་དང་། གནད་འགག་ལག་རྩལ་གྱི་འགག་སྒྲོལ་ལ་ཐོལ་བརྒལ་བྱུང་ནས། ཚན་རྩལ་གྱིས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱས།
མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གི་ཏང་ཙུའུ་ཁོངས་མི། ཐིང་ཀྲང་གཞོན་པ་ཀྲུའུ་ཧེ་ཧྲིན་གྱིས་ངོ་སྤྲོད་བྱས་དོན། སྐྱེ་ཁམས་རིག་གནས་ཀྱི་མཐོ་ས་བསྐྲུན་པར་གཞིགས་ནས། མཚོ་སྔོན་གྱིས་རི་ཆུ་ནགས་གསུམ་དང་ཞིང་ས། བརླན་ས། རྩྭ་ཐང་། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་རང་བཞིན་གྱི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་བཀོད་འདོམས་བྱས་ཏེ། ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་གཏེར་ཁུལ་གྱི་ཉམ་ང་བའི་སྐྱེ་ཁམས་མ་རྩ་དམའ་མོས་སླར་གསོ་བྱེད་པའི་དཀའ་གནད་སེལ་བ་དང་། དཔེ་སྟོན་ཁུལ་གྱི་ཆ་སྙོམས་ལྗང་བསྒྱུར་ཁེབས་ཚད་བརྒྱ་ཆའི80རུ་མཐོར་འདེགས་བྱས་ཡོད། རྨ་ཆུའི་གྲོག་རོང་གི་ས་ཆུ་ཤོར་བའི་གཙོ་གནད་ཁུལ་གྱི་སྐྱེ་ཁམས་ཕྱོགས་བསྡུས་སླར་གསོའི་ལག་རྩལ་བེད་སྤྱོད་བྱས་པས་ས་རྒྱུར་སླད་སྐྱོན་ཐེབས་པའི་དཔེ་གྲངས་བརྒྱ་ཆའི31མར་ཆགས་པར་བྱས་ཡོད། གཟར་ཚད་ཏུའུ25ཡན་གྱི་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་རྩྭ་ཐང་ཉམ་ཞན་དུ་གྱུར་བའི་སྔོ་ཁེབས་སླར་གསོའི་ལག་རྩལ་དེ་ཐོག་མར་རང་བྱུང་ཐོན་ཁུངས་པུའུ་ཡི་རྒྱལ་ཁབ་ས་ཞིང་བར་སྟོང་གི་སྐྱེ་ཁམས་སླར་གསོ་གསར་གཏོད་ཀྱི་སྤྱོད་གོ་ཆོད་པའི་ལག་རྩལ་གྱི་མིང་ཐོའི་ཁྲོད་བདམས།
ཐིང་ཏང་ཨུ་ཡིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་བསྐྲུན་བྱེད་པ་གཞིར་བཟུང་ནས། མཚོ་སྔོན་གྱིས་ལེས་དང་མཱེ་བླངས་ནས་བེད་སྤྱོད་བྱེད་པ་སོགས་རྒྱལ་སྤྱིའི་སྔོན་ཐོན་ལག་རྩལ་གྱི་གྲུབ་འབྲས་ཁག་ཅིག་ཐོབ་ཡོད།
རྒྱལ་ཁབ་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པར་དམིགས་ནས། གཞི་ཁྱོན་ཅན་གྱི་ནུས་གསོག་མཉམ་སྤྱོད་དང་ཆེས་མཐོའི་གློག་གནོན་ཕྱིར་སྐྱེལ་ལག་རྩལ་གྱི་དཀའ་གནད་ཐོལ་བརྒལ་བྱས་པ་དང་། ཁུངས་དྲ་ཐེག་གསོག་གི་མཐུན་སྦྱོར་ལག་རྩལ་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས་མང་པོར་ཁྱབ་གདལ་དང་བེད་སྤྱོད་བྱས་པས། ཉི་འོད་ནུས་པའི་གློག་གསོག་གི་ཆ་སྙོམས་བརྗེ་སྒྱུར་གྱི་ལས་ཆོད24%ལས་བརྒལ་བ་དང་། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ཀྱི་གྲས་སུ་སླེབས་་ཡོད།
མཐོ་སྒང་གི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་མགྱོགས་མྱུར་སྒོས་གསོ་སྐྱོང་བྱས་ནས་ཚན་རྩལ་གསར་གཏོད་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་དང་། རང་རྟོགས་སྒོས་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་བཀོད་སྒྲིག་ཁྲོད་འདྲེས་པར་བྱས་ནས་ཚན་རྩལ་གསར་གཏོད་སྟེགས་བུའི་རྟེན་གཞི་གསོ་སྐྱོང་དང་འཛུགས་སྐྲུན་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་བཏང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་འཛུགས་སྐྲུན་བྱས་པ་དང་། མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་གྱི་རྩྭ་སའི་སྐྱེ་ཁམས་མ་ལག་རྒྱལ་ཁབ་ཀྱི་ཕྱི་རོལ་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་དངོས་སུ་རྒྱལ་ཁབ་ཀྱི་ཕྱི་རོལ་ས་ཚིགས་ནང་ཚུད། ཁེ་ལས་ཀྱི་གསར་གཏོད་གཙོ་གཞིའི་གོ་གནས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གྱུར་ནས་ཁེ་ལས་གཙོ་གཞི་ཡིན་པ་དང་ཐོན་སློབ་ཞིབ་གསུམ་ནུས་ཡོད་སྒོས་མཐུན་སྦྱོར་དང་མཉམ་བསྲེས་ཟབ་མོ་བྱེད་པའི་གསར་གཏོད་མ་ལག་འཛུགས་པར་སྐུལ་འདེད་ནན་མོ་བཏང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་བཏང་བའི་ཁྲོད་ཀྱི་བརྒྱ་ཆའི་རེ་དྲུག་གྲངས་ཆུང་གཉིས་ཁེ་ལས་ལས་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་མི་སྣའི་ཁྲོད་ཀྱི་བརྒྱ་ཆའི་ང་བཞི་ཁེ་ལས་སུ་གཅིག་བསྡུས་བྱས་ཡོད་ལ། མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་བྱ་དགའི་ཁྲོད་ཁེ་ལས་ཀྱིས་སྣེ་ཁྲིད་པ་དང་ཡང་ན་ཁེ་ལས་ཟབ་ཞུགས་བྱས་ཏེ་བྱ་དགའ་ཐོབ་པའི་ལས་གཞིས་བརྒྱ་ཆའི་ང་བརྒྱད་ཟིན་ནས་ཁེ་ལས་ཀྱི་གསར་གཏོད་གཙོ་གཞིའི་གཞི་ཁྱོན་དང་གྲངས་འབོར་རྒྱུན་ཆད་མེད་པར་ཆེ་རུ་བསྐྱེད། ཚན་རྩལ་ཆེད་ལས་མི་སྣས་ཁེ་ལས་ལ་ཞབས་འདེགས་ཞུ་བའི་རྐྱེན་སྲོལ་གསར་གཏོད་བྱས་ཏེ་སྤྱོད་འགོ་བརྩམས་པ་དང་། ཐོག་དང་པོར་གདམ་གསེས་བྱས་པའི་ཚན་རྩལ་ཆེད་ལས་མི་སྣ་བརྒྱ་དང་བརྒྱད་ཀྱིས་ཐོན་སློབ་ཞིབ་གསུམ་བར་འབྲེལ་ཟམ་བཙུགས་ཏེ་ཁེ་ལས་ཀྱིས་གསར་གཏོད་བྱེད་ནུས་མཐོར་འདེགས་གཏོང་བར་རོགས་འདེགས་ནན་མོ་བྱས།
དེ་དང་མཉམ་དུ། ཚན་རྩལ་སྒོ་འབྱེད་མཉམ་ལས་ཀྱི་བར་སྟོང་གསར་པ་རྒྱ་བསྐྱེད་ནས་ཚན་རྩལ་གྲུབ་འབྲས་མགྱོགས་མྱུར་སྒོས་ཚུལ་སྒྱུར་བྱས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་རོགས་ལས། གནས་གཏན་རོགས་སྐྱོར་རྐྱེན་སྲོལ་བཅས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གླིང་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་སྦྲེལ་མཐུད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་བསྣན། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་རེ་གཉིས་ཀྱི་ཐོན་ལས་ཅན་གྱི་ཚན་རྩལ་ལས་གཞི་ཞིང་ཆེན་ཕྱི་དང་མཉམ་འབྲེལ་གྱིས་ལག་བསྟར་བྱས་པ་དང་། ཞིང་ཆེན་ཕྱིའི་ཚན་རིག་ཞིབ་འཇུག་ཚོགས་པ་བཞི་བརྒྱ་གོ་ལྔ་མཚོ་སྔོན་གྱི་གསར་གཏོད་འཕེལ་རྒྱས་ཁྲོད་ཞུགས་ཡོད་ལ། ཐོན་ལས་ལག་རྩལ་སྣ་སུམ་བརྒྱ་ང་བཞིས་མཚོ་སྔོན་དུ་ཞིབ་འཇུག་ཚུལ་སྒྱུར་མངོན་འགྱུར་བྱས། ཞིང་ཆེན་ཚན་རིག་ལག་རྩལ་བྱ་དགའ་བརྒྱ་དང་ལྔ་ཞིང་ཆེན་ཕྱི་ནང་གིས་མཉམ་འབྲེལ་བྱེད་པའི་རྣམ་པ་བརྒྱུད་དེ་ཡོངས་འགྲུབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བྱ་དགའ་ཐོབ་པའི་ལས་གཞིའི་བརྒྱ་ཆའི་རེ་དྲུག་ཟིན།