སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བསྐྲུན་པར་དམངས་འཚོ་ནི་གཙོ་བོ་ཡིན་ཞེས་ནན་གྱིས་བསྟན། 2025ལོར། རྒྱལ་ཁབ་ཀྱིས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་དོན་དག་ལ་དམིགས་ཏེ། དམངས་འཚོར་ཕན་པ་དང་དམངས་སེམས་དྲོ་བ། དམངས་ཀྱི་འདོད་བློ་དང་མཐུན་པ་བཅས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཞིང་། མང་ཚོགས་ཀྱི་བདེ་སྐྱིད་བསྟུད་མར་ཆེ་རུ་གཏོང་བའི་འཕེལ་རིམ་ཁྲོད། དྲོད་སྐྱིད་ལྡན་པའི་དམངས་འཚོའི་རྒྱུགས་ལན་ལེགས་པོ་སྤྲད།
2025ལོར། དམངས་འཚོའི་དྲོད་སྐྱིད་དེ་འཚོ་བའི་ཟུར་སོ་སོར་ཁེབས་ཡོད།
ལོ་འདིར། མཁར་སྡེ་དང་ཞིང་སྡེ་རུ་བཟའ་བཏུང་མཁོ་འདོན་ས་ཚིགས་ཆིག་ཁྲི་ཆིག་སྟོང་གསར་དུ་འཕར། རྒན་པ་ས་ཡ་གསུམ་ལྷག་གིས་སྒོ་འགྲམ་ནས་ཁ་ལ་ཞིམ་ཞིང་གོང་བདེ་བའི་ཟ་མ་ཟས་ཆོག
ལོ་འདིར། སྲང་གཞུང་དུ་ལྗང་མདོག་སྤྱི་གླིང་ཆུང་ངུ3400ལྷག་མང་དུ་ཕྱིན། སྤྱི་ཆིང་ཆིག་ཁྲི་དགུ་སྟོང་ལྷག་སྒོ་འབྱེད་མཉམ་སྤྱོད་བྱས། རིང་ནས་རིང་དུ་བསྲིངས་པའི་རྐང་བགྲོད་ལམ་དང་རྐང་འཁོར་བགྲོད་ལམ་གྱིས་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ལམ་ཐིག་ཁྱད་པར་བ་ཞིག་གྲུབ།
ལོ་འདིར། གཞིས་ཁུལ་གསར་རྙིང་ཉིས་ཁྲི་ལྔ་སྟོང་ལྷག་གསར་བསྒྱུར་བྱས། རིག་ནུས་ཁྱིམ་ཆས་དང་རྒན་པར་འཚམ་པའི་སྒྱུར་བཀོད་དེ་འཛད་སྤྱོད་དངོས་ཟོག་རྙིང་ཚབ་གསར་བརྗེའི་ཁྱབ་ཁོངས་སུ་བསྡུས་པ་སོགས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ཕུགས་འདུན་དཀྱུས་མ་དེ་དག་དོན་དམ་པའི་དམངས་འཚོའི་དངོས་དོན་དུ་བསྒྱུར་བཞིན་ཡོད།
བརྩེ་བ་ཟབ་མོས་མང་ཚོགས་དང་ཐག་ཉེ་བའི་དོན་དག་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་བཞིན་པའི་བྱ་བ་ལེགས་པོར་བསྒྲུབ་དགོས། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་འདུན་པ་དོན་དངོས་སུ་བསྒྱུར་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་བཅངས་པའི་བརྩེ་བ་བརྟན་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས“རྨང་གཞི་རང་བཞིན་དང་ཀུན་ཕན་རང་བཞིན། མཐའ་སྲུང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་སེལ་བའི་ཐད་ནས་དངོས་དོན་མང་དུ་བསྒྲུབ་དགོས། ”“མང་ཚོགས་དང་འབྲེལ་བའི་དོན་དག་གི་འགག་རྩ་ནི་དངོས་དོན་ལ་ཐུག་ཡོད། སྲིད་ཇུས་བྱེད་ཐབས་སོ་སོ་དངོས་དོན་ཡིན་ལ་ཕན་འབྲས་དངོས་ཐོན་དགོས། གང་ཐུབ་ཅི་ཐུབ་ཀྱིས་ལས་སྒྲུབ་བྱ་རྒྱུའི་རྒྱུན་སྐྱོང་དགོས། ” “བསྒྲུབ་ནུས་པའི་བྱེ་བྲག་གི་བྱེད་ཐབས་དག་སྤྱད་ནས་མི་དམངས་མང་ཚོགས་ཀྱི་ལས་ཞུགས་དང་སློབ་གསོ། སྤྱི་ཚོགས་འགན་བཅོལ། སྡོད་ཁང་། སྨན་བཅོས། རྒན་གསོ། བུ་བཅོལ་སོགས་ཐད་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱ་དགོས”ཞེས་ནན་གྱིས་བསྟན། 2025ལོར། བྱང་ཤར་གྱི་ཞིང་སྡེ་ནསཀུའེ་ཀྲོའུ་ཐུང་ཀྲའེ་བར་དང་། དབུས་རྒྱུད་ཀྱི་ལྟེ་བ་ནས་ཀོང་ཏུང་ལྷོ་ཕྱོགས་ཀྱི་ས་གཞི་ཆེན་པོའི་བར། སྤྱི་ཁྱབ་ཧྲུའུ་ཅིའི་མི་དམངས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བའི་གོམ་སྟབས་འབྲི་ཆུའི་ལྷོ་བྱང་ཀུན་ལ་བཀོད་ཡོད། ཁོང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བསྐྱར་སྐྲུན་འཚོ་བར་རྒྱུས་ལོན་ཞིབ་མོ་གནང་སྟེ། གཞིས་ཁུལ་སྒྱུར་བཀོད་བྱས་རྗེས་ཀྱི་སྡོད་གནས་ཁོར་ཡུག་ལ་གཟིགས་ཞིབ་མཛད། མང་ཚོགས་དང་ཉེ་ས་ནས་ཁ་བརྡ་གནང་ནས་ཚང་མས་ཞིང་སྡེའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལེགས་པོ་གཏོང་བ་དང་། མང་ཚོགས་སྔར་ལས་མང་པོའི་སྣེ་ཁྲིད་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དགོས་པའི་མངགས་བཅོལ་གནང་།
སྤྱི་ཁྱབ་ཧྲུའུ་ཅིས་ངས་སྙིང་ཐག་པ་ནས་ང་ཚོའི་ཡུལ་མི་རྣམས་ཀྱི་འཚོ་བ་སྔར་ལས་སྐྱིད་པ་དང་བདེ་སྡོད་ལས་བརྩོན་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཞེས་གསུངས།
2025ལོར། མི་དམངས་བླ་ན་མེད་པའི་གཞི་མདངས་སྔར་ལས་འོད་དུ་བཀྲ། ཀྲུང་དབྱང་ནོར་སྲིད་ཀྱིས་དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་གཏོང་ཤུགས་སྔར་ལས་ཇེ་ཆེར་བཏང་། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སློབ་གསོའི་འགྲོ་གྲོན་དང་། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་འགྲོ་གྲོན་ཐད་ཀྱི་སྔོན་རྩིས་བཀོད་སྒྲིག་རེ་རེ་བཞིན6.1%དང5.9%འཕར། མ་མཐའི་རྒན་གསོ་དང་སྨན་བཅོས་འགན་སྲུང་ཚད་གཞི་མུ་མཐུད་ཆེ་རུ་ཕྱིན་ནས་དམངས་འཚོའི་ཚད་མཐའ་བརྟན་པོར་སྲུང་། ཀྲུང་དབྱང་གིས་ལས་ཞུགས་ཁ་གསབ་མ་དངུལ་སྒོར་ཐེར་ཆེན་དྲུག་ཐེར་འབུམ་དྲུག་དུང་ཕྱུར་བདུན་བྱེ་བ་བཞི་བཀོད་སྒྲིག་བྱས་པ་དང་། གཙོ་གནད་ཐོན་ལས་ལས་རིགས་དང་གཙོ་གནད་ཚོགས་སྤྱིའི་དགོས་མཁོར་དམིགས་ནས་གཞི་ཁྱོན་ཆེ་བའི་དམིགས་གཏད་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས། ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་བཞི་ཁྲི་གཉིས་གསར་དུ་ལས་ཞུགས་བྱས་ལ། ལས་ཞུགས་ཀྱི་གནས་བབ་སྤྱིའི་ཆ་ནས་གཏན་འཇགས་རེད།
2025ལོར། རྒྱལ་ཁབ་ཀྱིས་སྤྱི་ཁོག་སྲིད་ཇུས་ཀྱི་དམངས་འཚོའི་ཁྲིད་ཕྱོགས་ཇེ་དྲག་ཏུ་བཏང་། “མི་ལ་མ་དངུལ་གཏོང་བ”དང“དངོས་པོར་མ་དངུལ་གཏོང་བ”ཟུང་འབྲེལ་དམ་པོ་བྱེད་པ་རྒྱུན་འཁྱོངས་དང་། མ་དངུལ་དང་ཐོན་ཁུངས་སྔར་ལས་མང་པོས་དམངས་འཚོར་ཞབས་འདེགས་ཞུ་བར་སྐུལ་ནས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ཀྱི་འཁོར་སྐྱོད་བཟང་པོ་ཆགས་པར་བྱས།
ཀྲུང་གོའི་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་གླིང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལིའུ་ཞུའུ་ཡིས་བཤད་རྒྱུར། དེ་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་བླ་ན་མེད་པ་རྒྱུན་སྐྱོང་བའི་འགན་འཁྲི་འཁུར་སེམས་མངོན། འདི་ལྟ་བུའི་ཐོན་ཁུངས་བཀོད་སྒྲིག་ཁྲིད་ཕྱོགས་ཀྱིས་ཕྱོགས་གཅིག་ནས་མི་དམངས་མང་ཚོགས་ཀྱི་ཆེས་ཁ་ཚ་དགོས་གཏུག་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་འབྲེལ་མཐུད་བྱས་ལ། ཕྱོགས་གཞན་ཞིག་ནས། དམངས་འཚོ་འགན་ལེན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཉམ་སྐུལ་མཉམ་འཕེལ་ལ་སྐུལ་ཏེ། དམངས་ཕན་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་དམངས་ཕན་ཡོང་བར་བྱས།
2025ལོར། དམངས་འཚོའི་བྱ་ཐབས་སྔར་ལས་གནད་ཁེལ་ནུས་ལྡན་ཡིན། དམངས་འཚོའི་སེམས་ཁྲལ་སེལ་རྒྱུར་ཤུགས་བསྣན་ནས་དམངས་འཚོའི་ཞན་ཆ་གསབ་བྱས་ལ། རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་སྔར་ལས་ཕུན་སུམ་ཚོགས་ལ་ཞིབ་ཚགས་ཡིན།
2025ལོར། ཉིན་མོའི་ལྟ་སྐྱོང་ལྟེ་གནས་དང་ནུས་ཤོར་རྒན་པའི་ལྟ་སྐྱོང་། བདག་མེད་རྒན་པའི་རིག་ནུས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་བཅས་ཀྱིས་རྒན་པ་རྣམས་ལ“རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་བློ་སེམས་བདེ”བར་བྱས། རྒན་པའི་ཆེད་བཏང་མེ་འཁོར་དང་གཅིག་འཐུས་རྣམ་པའི་ཁམས་གསོ། ཕྱི་རུས་འཕྲུལ་མི་སོགས་ཀྱི་རིག་ནུས་སྒྲིག་ཆས་ཀྱིས་རྒན་གསོའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་།
ཧུའུ་ནན་ཁྲང་ཧྲ་རུ། དམངས་སྲིད་སྡེ་ཁག་གིས་རྒན་གསོའི་ཞབས་ཞུའི་ལས་ཁུངས1100ལྷག་བསྡུ་རུབ་བྱས་ནས་གཅིག་འཐུས་རྣམ་པའི་རིག་ནུས་རྒན་གསོ་ཞབས་ཞུའི་སྟེགས་བུ་བསྐྲུན་ཡོད་ལ། རྒན་པ་ཚོས་དྲ་ཐོག་ནས་དམངས་ཕན་ཞབས་ཞུ་ཁག་དུས་བཅད་བྱས་ཆོག
2025ལོར་ན་གཞོན་ཕ་མའི་ཕྲུ་གུ་གསོ་སྐྱོང་གི་དཀའ་གནད་མགྱོགས་མྱུར་ངང་སེལ། རྒྱལ་ཡོངས་ཀྱིས་ཀུན་ཕན་རང་བཞིན་གྱི་རྟེན་གཞི་འབུམ་དྲུག་ཁྲི་དྲུག་གསར་དུ་བསྣན་ནས། ས་གནས་མང་པོ་ཞིག་ཏུ་བསྒར་བརྒྱན་རྣམ་པའི་བུ་བཅོལ་སྒྲིག་ཆས་སྐོར་ཞིག་བཙུགས། ཕྲུ་གུ་གསོ་བའི་ཁ་གསབ་བྱིན་ཏེ། ཁྱིམ་ཚང་གི་ཁུར་པོ་ཡང་དུ་བཏང་ལ། བུ་བཅོལ་ཁང་གི་སློབ་ཞུགས་གོང་གི་ལོ་གཅིག་གི་བྱིས་གསོ་སློབ་གསོའི་གྲོན་དངུལ་མེད་པར་བཟོས་པས། ད་ལོའི་སྟོན་དུས་ཀྱི་སློབ་སྐབས་ལ་ཧ་ལམ་མི་བྱེ་བ་གཅིག་ས་ཡ་གཉིས་ལ་ཕན་པ་ཐོབ།
ཅང་སུའུ་ལན་ཡུན་ཀང་གྲོང་ཁྱེར་གྱི་གྲོང་མི་སུན་ཧྥན་གྱིས་བཤད་རྒྱུར།རྒྱལ་ཁབ་ཀྱི་སྲིད་ཇུས་ལྟར་ན་ང་ཚོས་ཟླ་རེར་སློབ་ཡོན་སྒོར་ལྔ་བརྒྱ་ཇེ་དམའ་དང་རིན་མེད་བྱེད་བཞིན་ཡོད་ལ། ལོ་གཅིག་ལ་རང་རེའི་ཞིང་ཆེན་ལ་སྒོར་ལྔ་སྟོང་གྲོན་ཆུང་བྱས་པ་དང་མཚུངས་པས། ངའི་འདོད་པ་ཧ་ཅང་ཚིམ་ཡོད་པར་མ་ཟད། ཧ་ཅང་དགའ་པོ་བྱུང་ཡོད།
2025ལོར་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མུ་མཐུད་དུ་ཉམས་ཞན་ས་ཁུལ་དུ་ཕྱོགས་ཡོད། རྒྱལ་ཡོངས་སུ་མཐོ་འབྲིང་དཀྱུས་མ་1000གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་ཏེ། གྲོང་གསེབ་ཀྱི་སློབ་གྲྭར་ཁ་ཕྱོགས་ནས་སློབ་མ་བསྡུ་བའི་དམིགས་ཚད་མང་དུ་བཏང་ནས། དབུས་ནུབ་རྒྱུད་ཀྱི་མི་འབོར་མང་བའི་ཞིང་ཆེན་གྱི་མཐོ་རིམ་སློབ་གསོའི་ཐོན་ཁུངས་ཁག་ཅིག་གསར་སྣོན་བྱས།
2025ལོར་སྨན་བཅོས་ཞབས་ཞུ་གཞི་རིམ་དུ་རྒྱུན་ཆད་མེད་པར་བསྐྱོད་པས་མང་ཚོགས་ཀྱིས་ནད་ལ་ལྟ་བར་སྔར་ལས་སྟབས་བདེ་བྱུང་ཡོད། ས་ཁུལ་རིམ་པའི་གྲོང་ཁྱེར310ལྷག་བར། ཞིབ་བཤེར་དང་ཞིབ་བཤེར་རྣམ་གྲངས200ལས་བརྒལ་བའི་འབྲས་བུར་ཕན་ཚུན་ཁས་ལེན་བྱས་པ་དང་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས125ཡིས་རྒྱང་བརྟེན་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས། ཁ་གཏད་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་མང་ཚོགས་མི་ཐེངས་ས་ཡ་བཞི་ལ་ཞབས་འདེགས་ཞུས།
2025ལོར་དཀའ་ངལ་ཡོད་པའི་ཚོགས་སྤྱིར་གཅེས་སྐྱོང་དང་རོགས་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་ཕྱིན་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་ཁྲག་ཁྲིག་གཅིག་ཐེར་ཆེན་ལྔ་ཐེར་འབུམ་དྲུག་དུང་ཕྱུར་དྲུག་བྱེ་བ་བརྒྱད་བཀོད་སྒྲིག་བྱས་ནས་གནོད་འཚེ་དང་ནད་གཞིས་རྐྱེན་ཀྱིས་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་མཐའ་སྐྱོང་འགན་སྲུང་བྱས། བོད་ལྗོངས་དིང་རི་རུ། ལོ་འགོར་ས་ཡོམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་དུད་ཚང་ཁྲི་ཁ་ཤས་ད་ལྟ་ཚང་མ་གནས་སྤར་ནས་ཁང་པ་གསར་པའི་ནང་དྲོད་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པ་བྱུང་ཡོད། 2025ལོར་ལས་ཞུགས་རྣམ་པ་གསར་པའི་ལས་ཞུགས་མི་སྣ་བྱེ་བ་བརྒྱད་ས་ཡ་བཞི་ལྷག་གི་འགན་སྲུང་ཕན་བདེ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ཡོད། ལས་རིགས་ཀྱི་གནོད་འཚེ་འགན་སྲུང་ཚོད་ལྟ་བྱེད་ཚད་རྒྱལ་ཡོངས་ཀྱི་ཞིང་ཆེན17དུ་རྒྱ་སྐྱེད་ཡོད། “བརྩེ་སེམས་ས་ཚིགས”དང“གཅེས་སེམས་ས་ཚིགས”མང་པོ་ཞིག་གིས་ངལ་རྩོལ་པར་འཐུང་ཆུ་དང་ཁ་ཟས། གློག་གསོག ངལ་གསོ་སོགས་སྟབས་བདེའི་དྲོད་སྐྱིད་ཞབས་ཞུ་མཁོ་འདོན་བྱེད་ཀྱིན་ཡོད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”《གྲོས་གཞི》ལས་མ་འོངས་པའི་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་བཀོད་དེ། མི་དམངས་བླ་ན་མེད་པའི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱས་ཏེ། མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐང་རྒྱུ་རྩ་བའི་དམིགས་ཡུལ་དུ་འཛིན་དགོས་པ་གསལ་པོར་བཏོན་ཡོད། མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་རྩ་བའི་རིན་ཐང་གཉེར་ཕྱོགས་སུ་བཟུང་ནས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་ཀྱིས་དེ་ལས་མང་བ་དང་དེ་ལས་དྲང་གཞག་གི་སྒོ་ནས་མི་དམངས་ཡོངས་ལ་ཕན་འདོག་ངེས།