2023ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཚོགས་པ་གཙོ་བོའི་ལས་གཏོད་རོགས་སྐྱོར་ཁ་གསབ་དེ་དམངས་འཚོའི་ལས་གཞི་གལ་ཆེན་དུ་བརྩིས་ནས་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་པ་དེ་དམངས་འཚོ་འགན་སྲུང་དང་ལས་ཞུགས་བརྟན་པོ། ལས་གཏོད་གསོན་ཤུགས་བསྐྱེད་པ་བཅས་ཀྱི་འགག་རྩའི་བྱེད་ཐབས་སུ་བརྩིས། མིག་སྔའི་བར། ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་ཁྱོན་བསྡོམས་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་དགུ་དང་ཁྲི་བཞི་སྤྲད།
ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་ནི་ལས་གཏོད་པར་གནད་འཁེལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་སྲིད་ཇུས་ཡིན་ལ། གཙོ་བོ་ལས་ཞུགས་ལ་དཀའ་ཁག་ཡོད་པའི་མི་སྣ་དང་། སློབ་མཐར་ཕྱིན་རྗེས་ལོ་གཉིས་ཀྱི་ཚུན་ལ་ལས་ཞུགས་བྱས་མེད་པའི་མཐོ་རིམ་མཐར་ཕྱིན་སློབ་མ། དེ་བཞིན་མཚོ་སྔོན་ས་གནས་ཀྱི་ཞིང་སྡེའི་ཐོབ་ཐང་རྫོང་ཁོངས་སུ་ཡོད་པའི་ལས་གཏོད་ཞིང་བ་ཞོར་ལས་པ་བཅས་ཚོགས་པ་རིགས་གསུམ་ལ་ཁ་ཕྱོགས་ཡོད། གོང་གསལ་མི་སྣས་ཐོག་མར་མཚོ་སྔོན་ཞིང་ཆེན་དུ་ཁེ་ལས་ཆུང་གྲས་དང་ཡང་ན་མི་སྒེར་ཚོང་གཉེར་བྱས་ཏེ་ལོ་གཅིག་ཡན་ལ་རྒྱུན་ལྡན་ཚོང་གཉེར་བྱས་ཚེ། སྒོར་ཁྲི་གཅིག་གི་ཐེངས་གཅིག་ཁ་གསབ་བྱིན་རྒྱུ་རེད། ཚོང་གཉེར་བྱེད་ཡུལ་གཅིག་འདྲ་དང་ཚོང་གཉེར་ལས་གཞི་གཅིག་འདྲ་ཡིན་ལ། ལས་གཏོད་ཁ་གསབ་ལོངས་སུ་སྤྱད་ཡོད་པར་མ་ཟད། ཁྲིམས་མི་དེ་ཁྱིམ་ཚང་གི་ནང་མི་གཞན་པར་བརྗེས་ཡོད་ཚེ། ཁ་གསབ་སྲིད་ཇུས་ཡང་བསྐྱར་ལོངས་སུ་སྤྱོད་མི་ཐུབ། དེའི་ཁྲོད། ལོ་གཅིག་གི་རིང་རྒྱུན་ལྡན་ཚོང་གཉེར་བྱས་ཞེས་པ་དེ་རྒྱུན་ལྡན་གྱི་ཚོང་གཉེར་ཡོང་སྒོ་དང་ཁེ་སྤོགས་ངེས་ཅན་ཡོད་པར་གོ ཁེ་ལས་ཀྱིས་ལས་མི་བསྡུ་དགོས་ན། ངལ་རྩོལ་གན་རྒྱ་འཇོག་པ་དང་། ལས་ཞུགས་ཐོ་འགོད་བྱེད་པ། སྤྱི་ཚོགས་འགན་བཅོལ་སྤྲོད་པ་སོགས་ཀྱི་ཆ་རྐྱེན་དང་འཚམ་དགོས་པར་མ་ཟད། ས་གནས་དེའི་ཆེས་དམའ་བའི་གླ་ཕོགས་ཀྱི་ཚད་གཞི་ལས་མི་དམའ་བའི་གླ་ཕོགས་དུས་ལྟར་སྟེར་དགོས། མིག་སྔར། རེ་ཞུའི་གོ་རིམ་སྟབས་བདེ་ནུས་མཐོ་ཡིན་པས། རེ་ཞུ་མི་སྣས་རེ་ཞུའི་རེའུ་མིག་དང་། ཚོང་གཉེར་དཔང་ཡིག ཐོབ་ཐང་ལག་འཁྱེར་ཡང་ན་སྤྱི་ཚོགས་འགན་བཅོལ་བྱང་བུ་སོགས་རྒྱུ་ཆ་ཁ་ཚང་གྲ་སྒྲིག་བྱས་ནས་ཐག་ཉེའི་སྡེ་ཁུལ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་འགྲོ་ལུགས་བསྒྲུབ་ཆོག་ལ། གཞན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་སྲིད་དོན་ཞབས་ཞུ་གཞི་གཅིག་ཅན་གྱི་སྟེགས་བུ་དང་ཡང་ན་མཚོ་སྔོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཁ་པར་གྱི་མཉེན་ཆས་བརྒྱུད་དེ་རེ་ཞུ་བྱས་ཆོག
རྒྱུས་ལོན་པ་ལྟར་ན། ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་ལས་གཞན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ལས་གཏོད་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད། དངུལ་བུན་བསྐྱི་བར་རྒྱབ་སྐྱོར་བྱེད་པའི་ཐད། ལས་གཏོད་པས་ཆེས་མང་ན་སྒོར་འབུམ་གསུམ་ལས་མི་བརྒལ་བའི་ལས་གཏོད་ཁག་ཐེག་དངུལ་བུན་རེ་ཞུ་བྱས་ཆོག་པ་དང་། ཁེ་ལས་ཆུང་གྲས་ཀྱིས་མང་ན་སྒོར་ས་ཡ་བཞི་ཡི་དངུལ་བུན་བསྐྱིས་ཆོག་ལ། དུས་མཚུངས་སུ་ད་དུང་སྐྱེད་ཀ་སྤྲོད་ངེས། ལས་གཏོད་ཞབས་ཞུའི་ཐད་ནས། རང་ཞིང་གིས་སྐྱེད་སྲིང་རྟེན་གཞི་ཉེར་ལྔ་བཙུགས་ནས་འགྲུབ་ཡོད་ལ། ལས་གཏོད་པར་ལས་གྲྭ་དང་ཆུ་གློག་རླངས་དྲ་སོགས་ཀྱི་འགྲོ་སོང་སྟབས་བདེ་འདོན་སྤྲོད་བྱས་ཤིང་། གཅིག་གཏད་གཅིག་གི་ལས་གཏོད་མཛུབ་སྟོན་དང་ལས་གཏོད་གསབ་སྦྱོང་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ། 2023ལོའི་ཚུན་ལ། ལས་གཏོད་པ1587དང་ཁེ་ལས་ཆུང་གྲས180སོགས་ལ་ལས་གཏོད་ཁག་ཐེག་དངུལ་བུན་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་དྲུག་ས་ཡ་ལྔ་བྱིན་པ་དང་། ལས་གཏོད་སྐྱེད་སྲིང་རྟེན་གཞི་ཉེར་ལྔ་ཡིས་མིག་སྔར་ཁེ་ལས530སྐྱེད་སྲིང་བྱེད་བཞིན་ཡོད་ལ། ཁྱོན་བསྡོམས་ཁེ་ལས1099སྐྱེད་སྲིང་བྱས་ཡོད།