དཀའ་ངལ་གདོང་གིས་བསུ་བ་དང་འབད་འཐབ་ལྷོད་མེད་བྱས་པས་ཀྲུང་གོའི་དཔལ་འབྱོར་མདུན་སྐྱོད་བྱེད་ཐུབ་པ་བྱུང་།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་བསྡུ་བའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་ཇུས་འགོད་བཀོད་སྒྲིག་བྱེད་པའི་ལོ་ཡང་ཡིན། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བསྒྱུར་བཅོས་འཕེལ་རྒྱས་དང་བརྟན་འཇགས་ཀྱི་ལས་འགན་ལ་ཁ་ཕྱོགས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་ངང་སྣེ་ཁྲིད་བྱས་ཏེ། དཀའ་ངལ་གདོང་གིས་བསུས་ཤིང་དང་འབད་འཐབ་ལྷོད་མེད་བྱས་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་པར་མ་ཟད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མྱུར་དུ་གྲུབ་པར་བྱས་པ་དང་། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཀའ་ཐར་ཉེན་སེལ་དང་འགྲན་སློང་གདོང་གིས་བསུས་ལ། སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབས་པས། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་ཡིན་ཞིང་བརྟན་ཐོག་ཡར་འཕེལ་བྱུང་བ་དང། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་གོམ་སྟབས་བརྟན་པོ་སྤོས།

“ལོ་ལྔའི་འཆར་འགོད་བཅུ་བཞི་པ་”ལེགས་འགྲུབ་འབྱུང་ལ་ཉེ་ཞིང་། དཔའ་སྐྱེད་མདུན་སྐྱོད་ཀྱི་ཀྲུང་གོས་རྒྱུན་ཆད་མེད་པར་དུས་ཚོད་རེའུ་མིག་སྟེང་བརྐོས་ཚད་གསར་པ་བཀོད།

རླངས་འཁོར་ཞིག་ལས་ཀྲུང་གོའི་ཐོན་ལས་ཀྱི་རིམ་སྤོར་འགྱུར་ལྡོག་མཐོང་ཐུབ་པ་དང་། རིག་ནུས་བཟོ་གྲྭའི་ནང་དུ། སྐར་མ་གཅིག་གི་ནང་ནུས་ཁུངས་གསར་པའི་རླངས་འཁོར་གཉིས་བཟོ་ཐུབ་ལ། མིས་བཟོས་རིག་ནུས་སོགས་ལག་རྩལ་གསར་ཤོས་ཀྱིས་ཀྲུང་གོའི་བཟོ་སྐྲུན་བསྒྱུར་བཞིན་པའི་སྒང་རེད། མིག་སྔར། ཕུལ་བྱུང་རིམ་པའི་རིག་ནུས་བཟོ་གྲྭ་བརྒྱ་ཆའི་བརྒྱད་ཅུ་ལྷག་གི་བཟོ་སྐྲུན་ལས་རིགས་སུ་ཁྱབ་ཡོད།

མཚོ་ཁུག་ས་ཁུལ་ཞིག་གིས་ཀྲུང་གོའི་གསར་གཏོད་སྣེ་ཁྲིད་ཀྱི་ནུས་པར་བདེན་དཔང་བྱེད་ཐུབ།  ཀོང་ཏུང་དང་ཞང་ཀང་། ཨའོ་མིན་མཚོ་ཁུག་ཆེན་མོ་དང་ཀྲུའུ་ཅང་གཙང་པོའི་འགྲམ་གཉིས་ཀྱི་ཚན་རིག་གི་སྒྲིག་ཆས་ཆེན་པོ10ལྷག་གིས་གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་མགྱོགས་མྱུར་ངང་གཅིག་སྡུད་བྱེད་བཞིན་ཡོད་པ་དང་། ཧྲིན་ཀྲིན་དང་ཞང་ཀང་། ཀོང་ཀྲོའུ་བཅས་ཀྱི་གསར་གཏོད་ཁྱུ་ཚོགས་དེ་ད་ལོར་ཐོག་མར་གོ་ལ་ཧྲིལ་པོའི་གསར་གཏོད་ཁྱུ་ཚོགས་ཆེས་ཆེན་པོར་གྱུར།

གླིང་ཕྲན་ཞིག་གིས་ཀྲུང་གོའི་ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱི་རྣམ་པ་མཚོན་ཐུབ། མིག་སྔར། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་རུ་གླིང་ཕྲན་ཡོངས་ཀྱི་བཀག་སྡོམ་འཁོར་སྐྱོད་སྤེལ་འགོ་བརྩམས་ལ། ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་བརླིང་ངང་རྒྱ་བསྐྱེད་པ་དང་། རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒོ་མོ་གལ་ཆེན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་ཀྱིན་ཡོད།

འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ཏུ་བསྟར་བ་དང་། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བརྟན་པོའི་ངང་མདུན་སྐྱོད་བྱེད་ཀྱིན་ཡོད།  2025ལོར་ཕྱིར་མིག་བལྟས་ཚེ། ཀྲུང་གོའི་དཔལ་འབྱོར་ཐད་ནས་སྔ་ན་མེད་པའི་དཀའ་ཁག་དང་འགྲན་སློང་ལ་འཕྲད་པ་དང་། སྒོ་ཁྲལ་གནད་དོན་གྱིས་གོ་ལ་ཧྲིལ་པོའི་ཉོ་ཚོང་ལ་ཤུགས་རྐྱེན་ཐེབས་ཤིང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་འཛམ་གླིང་དངུལ་ཁང་སོགས་རྒྱལ་སྤྱིའི་ལས་ཁུངས་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་གྱི་སྔོན་དཔག་ཇེ་དམའ་རུ་བཏང་།  ཕྱི་ཕྱོགས་ཁོར་ཡུག་ཛ་དྲག་དང་རྙོག་འཛིང་ཆེ་ལ། དེ་དང་མཉམ་དུ།  རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ཐད་སྔར་བཞིན་ཉེན་ཁ་དང་འགྲན་སློང་མི་ཉུང་བར་འཕྲད་ཡོད། རླུང་རླབས་ཇི་ལྟར་ཆེ་ན། དེད་དཔོན་གྱི་སྤོབས་པ་དང་སྙིང་སྟོབས་དེ་ལྟར་མངོན་ཐུབ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་དང་། ངེས་གཏན་མེད་པའི་རང་བཞིན་སྣ་ཚོགས་ལ་ཐད་ཀར་ཁ་གཏད་འཇལ་ཆེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་གཅིག་འདོམས་བྱས་པ་དང་། འགྱུར་ལྡོག་ངོས་འཛིན་ཡང་དག་དང་། ཚན་རིག་དང་མཐུན་པའི་བསྟུན་འགྱུར། རང་འགུལ་གྱིས་འགྱུར་རེ་བཅས་བྱས་ལ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་ཀྲུང་གོ་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོས་རླབས་གཤག་མདུན་སྐྱོད་བྱ་རྒྱུར་སྣེ་ཁྲིད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཀའ་ངལ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། ཕྱོགས་སོ་སོའི་རྒྱུ་རྐྱེན་བཟང་བོ་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་འགྱུར་བར་བྱེད་དགོས་ཞེས་བསྟན། འགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུ་ཐེངས་མང་འཚོགས་ནས། མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་གནང་སྟེ། རྒྱལ་ནང་གི་དཔལ་འབྱོར་བྱ་བ་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་འཐབ་རྩོད་ལ་གཅིག་འདོམས་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་སོགས་ཀྱི་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ནན་གྱིས་བསྟན་ནས། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”མཇུག་བཟང་བོ་བསྡུ་བའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས།

གྲོས་ཚོགས་གལ་ཆེན་དང་ས་གནས་ཀྱི་རྟོག་ཞིབ་རེ་རེའི་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད་ཁ་ཕྱོགས་གཏན་འཁེལ་གནང་། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་ནས་རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱེད་པའི་ཐད་ནས། བཅོས་བསྒྱུར་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གནད་དོན་ཐག་བཅད་དེ། དཔལ་འབྱོར་འཁོར་རྒྱུག་སྔར་ལས་གེགས་མེད་ཡོང་རྒྱུར་སྐུལ་འདེད་བཏང་བ་དང་། སྒྲིག་ཆས་བཟོ་སྐྲུན་ཁེ་ལས་ཀྱི་ཐོན་སྐྱེད་ལས་ཡུལ་དང་པོར་བསྐྱོད་པ་དང་མིས་བཟོས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོའི་གསར་གཏོད་སྐྱེ་ཁམས་སྡེ་ཁུལ་དུ་བསྐྱོད་ནས། ས་གནས་སོ་སོས་ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བའི་ཐད་ལམ་ཕྱོགས་གསལ་པོ་བསྟན། ཡུན་ཀུའེ་མཐོ་སྒང་དང་ཀོང་ཏུང་དུ་བསྐྱོད་དེ། མཁར་གྲོང་ས་ཁོངས་ཀྱི་འཕེལ་རྒྱས་བར་ཆད་ཀྱི་ཞན་ཆ་ཁ་གསབ་བྱེད་ཆེད་ལག་ལེན་གྱི་ཁ་ཕྱོགས་ལ་སྣེ་ཁྲིད་བྱས།

མིག་སྔར་གྱི་གནས་བབ་ལ་བསམ་གཞིགས་གཏོང་བ་དང་ཡུན་རིང་ལ་ཇུས་འགོད་བྱེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་འཆར་གཞི་བཀོད་པ་དང་བརྒྱུད་རིམ་ཧྲིལ་པོར་མཛུབ་སྟོན་གནང་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོ་གཏན་ཁེལ་གསལ་བོ་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནས་ཚན་རྩལ་རང་ཚུགས་རང་སྤེལ་དང་། བཅོས་བསྒྱུར་ཁྱོན་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པ་སོགས་ཕྱོགས་བདུན་གྱི་ཐད་ནས། མ་འོངས་པའི་ལོ་ལྔ་དང་ཐ་ན་དེ་ལས་རིང་བའི་དུས་ཡུན་ཞིག་གི་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས།

ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཧྲིན་ཁྲའོ་ཞུན་གྱིས་བཤད་རྒྱུར།རྒྱལ་ཁབ་ཕྱི་ནང་གི་གནས་བབ་འགྱུར་ལྡོག་ལ་ཁ་ཕྱོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་ཕྱོགས་ཆེན་པོར་ཞིབ་འཇུག་བརྡར་གཅོད་གནད་ལ་འཁེལ་བ་གནང་བ་དང་། སྔར་ལས་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་བཀོད་སྒྲིག་དང་ལག་བསྟར་བྱས་ལ། ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་རྒྱས་ཁ་ཕྱོགས་དག་བཅོས་གནད་ལ་འཁེལ་བ་བྱས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གནོད་པ་ཐེབས་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་མེད་པར་བྱསཔར་མ་ཟད། ཕྱི་ཕྱོགས་ཀྱི་ཕོག་ཐུག་ཤུགས་རྐྱེན་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་ལེགས་འཕེལ་ཡོང་བར་སྐུལ་འདེད་བཏང་།

ལོ་འདིར། ཀྲུང་གོའི་དཔལ་འབྱོར་གཞི་རྩའི་ཐོག་ནས་མཐོ་རུ་ཕྱིན་པ་དང་གྲངས་འབོར་ལུགས་མཐུན་འཕར་སྣོན་བྱུང་། དུས་ཚིགས་སྔོན་མ་གསུམ་ལ། རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་དུས་མཉམ་ལས5.2%འཕར་བ་དང་། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། ལོ་ཧྲིལ་པོའི་དཔལ་འབྱོར་བསྡོམས་འབོར་སྒོར་ཁྲག་ཆེན་གཅིག་དང་ཁྲག་ཁྲིག་བཞི་ཡས་མས་སུ་བསླེབ་རྒྱུའི་རེ་བ་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ཐད་ཀྱི་བྱས་རྗེས་ཚད་ཧ་ལམ30%ཙམ་ཡིན་ལ། དཀའ་ཁག་སླར་གསོའི་འཛམ་གླིང་དཔལ་འབྱོར་ལ་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་བསྣན་ཡོད།ཟླ12པར་སླེབས་རྗེས། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་དུས་ཐེངས་གསར་པའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་རྒྱང་ལྟའི་སྙན་ཞུ་ཁྱབ་བསྒྲགས་བྱས་ནས། 2025ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་སྔོན་དཔག་ཐེངས་གསུམ་ལ་མཐོ་རུ་བཏང་།

དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་ཀྲུང་གོའི་བཅའ་སྡོད་འཐུས་མི་ཧའེ་པོ་ཡིས་བཤད་རྒྱུར། གལ་ཏེ་གནད་ཚིག་གསུམ་གྱིས2025ལོའི་ཀྲུང་གོའི་དཔལ་འབྱོར་ཞིབ་བརྗོད་བྱས་ན། ངས“མཉེན་ཤུགས”དང་། “རིགས་བསྒྱུར། ”“གསོན་ཤུགས་”བཅས་བཤད་ངེས་ཡིན། ཕྱི་རོལ་གྱི་ཁོར་ཡུག་ཇི་འདྲ་ཡིན་ཡང་། ཀྲུང་གོའི་དཔལ་འབྱོར་གྱི་གནས་སྟངས་ཡག་པོ་ཡོད་པ་དང་། ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་གི་འཕར་སྣོན་གྱི་འགག་རྩའི་སྟོབས་ཤུགས་རེད།

2025ལོར་སྤྱི་ཁོག་སྙོམས་སྒྲིག་ལ་གནད་སྨིན་ཤུགས་འདོན་བྱས་པས་དཔལ་འབྱོར་གྱི་སྤྱི་ཡོངས་དེ་བས་བརྟན་དུ་ཕྱིན།

ནོར་སྲིད་སྲིད་ཇུས“ཧུར་བརྩོན”ནས“སྔར་ལས་ཧུར་བརྩོན་ལྡན་པར”བསྒྱུར། ཡུན་རིང་ཚད་བརྒལ་དམིགས་བསལ་རྒྱལ་བུན་སྒོར་ཁྲག་ཆེན་གཅིག་ཁྲག་ཁྲིག་གསུམ་འགྲེམས་སྤེལ་བྱས་ནས། “ལྕི་བ་གཉིས”ཀྱི་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། “གསར་གཉིས”སྲིད་ཇུས་ཀྱི་ཁྱབ་རྒྱ་ཇེ་ཆེ་རུ་གཏོང་རྒྱུར་རམ་འདེགས་བྱས་ནས། སྲིད་ཇུས་མཉམ་སྡུད་དང་ཕྱོགས་ཡོངས་ནས་རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་བཏང་། དངུལ་ལོར་སྲིད་ཇུས“བརྟན་བརླིང”ནས“ལྷོད་ཡངས་འོས་འཚམ”ཅན་དུ་ལེགས་སྒྲིག་བྱས་ནས། སྲིད་ཇུས་ཀྱི་སྐྱེད་ཀ་དམའ་རུ་བཏང་ནས་དངུལ་བུན་གྱི་མ་རྩ་ཉུང་དུ་བཏང་། བཅོལ་དངུལ་གྲབས་འཇོག་ཇེ་དམའ་རུ་བཏང་ནས། འཁོར་རྒྱུག་རང་བཞིན་གྱི་སྒོར་ཁྲག་ཆེན་གཅིག་གློད་གྲོལ་བཏང་། སྔར་ལས་དགེ་མཚན་ལྡན་ཞིང་ནུས་པ་ལྡན་པའི་སྤྱི་ཁོག་སྲིད་ཇུས་རབ་དང་རིམ་པ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དམིགས་འབེན་འགྲུབ་པར་རྨང་གཞི་བརྟན་པོ་བཏིང་། འཕར་སྣོན་དང་ལས་ཞུགས། རིན་གོང་། རྒྱལ་སྤྱིའི་གཏོང་ལེན་བཅས་སྤྱི་ཁོག་གི་དམིགས་ཚད་ཆེན་པོ་བཞི་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད་པ་དང་། ལོ་ཧྲིལ་པོའི་འབྲུ་རིགས་ལ་སླར་ཡང་ལོ་ལེགས་ཡོང་པའི་གདེང་ཚོད་ཆེ་ཞིང་།  ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་ཧེ་བག་སྔར་ལས་ཇེ་ཆུང་དུ་བཏང་། ནུས་ཁུངས་མཁོ་སྤྲོད་ཀྱི་ནུས་པ་བརྟན་པོའི་ངང་འཕར་བ་དང་། དབྱར་དུས་སུ་སླེབས་དུས། རྒྱལ་ཡོངས་ཀྱི་གློག་ཤུགས་ཐེག་ཚད་ཀྱི་མཐོ་རླབས་ཐེངས་བཞིའི་ཚོད་བགམ་བརྒྱུད་ཅིང་། མི་ཐེར་འབུམ་གཅིག་དུང་ཕྱུར་བཞི་ལྷག་གི་ནུས་ཁུངས་བདེ་འཇགས་ལ་དེ་བས་ནུས་ལྡན་གྱི་འགན་ལེན་ཐུབ་ཡོད། ཕྱི་ཕྱོགས་ཚོང་དོན་གྱི་གནོན་ཤུགས་དེ་བས་ཆེ་བ་དང་། ཟླ་དང་པོ་ནས་བཅུ་གཅིག་པའི་ནང་། དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་ན་ནིང་གི་དུས་མཉམ་ལས3.6%འཕར་བ་དང་། འཛམ་གླིང་གི་དངོས་ཟོག་ཉོ་ཚོང་གི་རྒྱལ་ཁབ་ཆེན་པོ་དང་པོའི་གོ་གནས་སྔར་བཞིན་བརྟན་པོ་ཡོད།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཞུས་ཆི་ཡོན་གྱིས་བཤད་རྒྱུར།ད་ལོ་ནས་བཟུང་ཕྱིར་གཏོང་འཕར་ཚད་སྔོན་དཔག་ལས་བརྒལ། ཕྱིར་གཏོང་གིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྐུལ་འཐེན་བྱེད་པར་སྔར་བཞིན་བརྒྱ་ཆའི་གྲངས་གནས1.5རྒྱུན་འཁྱོངས་བྱེད་ཐུབ་པ་དང་། ཀྲུང་གོའི་དཔལ་འབྱོར་འཕར་སྣོན་ཡོང་བའི་ནང་སྐྱེས་ཀྱི་སྒུལ་ཤུགས་དང་མཉེན་ཆ་མཚོན་ཡོད།

2025ལོར་བཅོས་སྒྱུར་སྒོ་འབྱེད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས་དཔལ་འབྱོར་གྱི་གསོན་ཤུགས་གསར་པ་འཕེལ།

《དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་བཅའ་ཁྲིམས》བཏོན་ནས། ཚོང་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་དོན་ཚན106བར་ཇེ་ཉུང་དུ་བཏང་བ་དང་། རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བགོ་སྒྲིག་བྱེད་པའི་ཕྱོགས་བསྡུས་བཅོས་བསྒྱུར་ཚོད་ལྟ་བྱས་ཡོད་ལ། “ནང་སྒྲིལ་ཅན་གྱི”འགྲན་རྩོད་ཕྱོགས་བསྡུས་བཅོས་སྒྲིག་བྱས་ནས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོའི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏིང་ཟབ་བཏང་། ལམ་ལུགས་ཅན་གྱི་སྒོ་འབྱེད་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་། ཚོད་ལྟའི་ལས་འགན155ཡིས་ཞབས་ཞུའི་ལས་རིགས་ཀྱིས་སྔར་ལས་སྒོ་མོ་ཡངས་པོར་ཕྱེས་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ76ལ་ཕྱོགས་རྐྱང་པས་ཐོངས་མཆན་འགོད་མི་དགོས་པའམ་ཡང་ན་ཕྱོགས་ཡོངས་ནས་ཐོངས་མཆན་འགོད་མི་དགོས་པར་བཟོས། བཅོས་བསྒྱུར་སྒོ་འབྱེད་ཀྱི་བྱེད་ཐབས་གསར་པ་རེ་རེ་བཞིན་གཏོར་འཛུགས་མཉམ་སྤེལ་བྱས་ནས། མདུན་དུ་བསྐྱོད་པའི་འཕེལ་རྒྱས་ཀྱི་སྒུལ་ནུས་ཤིག་ཏུ་གྱུར་ཡོད་པ་རེད།

2025ལོར་ཐོན་སྐྱེད་ནུས་ཤུགས་གསར་པ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྒོས་བསྐྲུན།

“ལྗང་མདོག”མངོན་གསལ་དུ་ཕྱིན་ནས། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྩིས་གཞིའིGDPནུས་ཁུངས་ཟད་གྲོན་དང་གཞི་ཁྱོན་ཡན་གྱི་བཟོ་ལས་རྩིས་གཞིའི་རིན་ཐང་འཕར་མའི་ནུས་ཁུངས་ཟད་གྲོན་ན་ནིང་གི་དུས་མཉམ་ལས་མུ་མཐུད་མར་ཆག  འགྱུར་རྡོ་མིན་པའི་ནུས་ཁུངས་འཛད་སྤྱོད་བྱེད་ཚད་ཀྱིས་ནུས་ཁུངས་འཛད་སྤྱོད་བསྡོམས་འབོར་ཁྲོད་ཟིན་པའི་བསྡུར་ཚད་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས1.7འཕར་བ་དང་། སྔོན་དཔག་བྱས་ན“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་ཚད་ལས་བརྒལ་ནས་ལེགས་འགྲུབ་བྱ་རྒྱུ་རེད།

“གསར་པ”ལ་ཕྱོགས་པའི་འཕེལ་ཕྱོགས་སྔར་བས་མངོན་གསལ་རེད། ཚད་རྡུལ་རྩིས་རྒྱག་ཐོན་ལས་ཅན་དུ་འགྱུར་བ་སོགས་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས།   2025ལོར་རང་རྒྱལ་གྱི་གསར་གཏོད་སྟོན་གྲངས་འཛམ་གླིང་གི་ཨང་བཅུ་པའི་ནང་ཐོག་མར་སླེབས་ནས། འཛམ་གླིང་སྟེང་རྒྱལ་ནང་གི་ནུས་ལྡན་གསར་གཏོད་ཆེད་ཁེའི་གྲངས་འབོར་ས་ཡ་ལྔ་ལས་བརྒལ་བའི་རྒྱལ་ཁབ་དང་པོར་གྱུར།  སྤུས་གསར་ཐོན་སྐྱེད་ནུས་ཤུགས་རྒྱུན་མཐུད་ངང་དཔལ་འབྱོར་གྱི་སྒུལ་ནུས་སུ་འགྱུར་བཞིན་ཡོད་ཅིང་། ཟླ་དང་པོ་ནས་བཅུ་བའི་ནང་། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་ན་ནིང་གི་དུས་མཉམ་ལས9.3%འཕར་བ་དང་། གཞི་ཁྱོན་ཡན་གྱི་གྲངས་འཛིན་ཐོན་ལས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་ན་ནིང་གི་དུས་མཉམ་ལས9.5%འཕར།

2025ལོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་བསྐྲུན་ནས། གཞི་ཁྱོན་ཆེས་ཆེ་བའི་ཁྲོམ་རའི་ལེགས་ཆ་སྔར་ལས་མངོན།  རང་རྒྱལ་གྱི་ལོ་གཅིག་གི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བརྒྱད་ལས་ཐོག་མར་བརྒལ་ཡོད་པ་དང་། ཟླ་དང་པོ་ནས་བཅུ་པའི་བར། འགྲིམ་འགྲུལ་ཕྱིར་སྐྱོད་མི་ཐེངས་ཐེར་ཆེན་ལྔ་ཐེར་འབུམ་དྲུག་ལས་བརྒལ་ཡོད་ལ། དངོས་ཟོག་དང་མི་སྣ། མ་དངུལ་སོགས་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་ཇེ་མགྱོགས་སུ་སོང་བ་དང་། དཔལ་འབྱོར་འཁོར་རྒྱུག་སྔར་ལས་གེགས་མེད་དུ་གྱུར་ཡོད་པ་རེད།

འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་སྣོན་ཡོང་བའི་སྒུལ་ཤུགས་གཙོ་བོའི་ནུས་པ་མུ་མཐུད་དུ་བཏོན། ཟླ་དང་པོ་ནས་བཅུ་གཅིག་པའི་བར། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱས་ནས་འབྲེལ་ཡོད་ཚོང་ཟོག་ཕྱིར་ཚོང་བྱེད་ཚད་སྒོར་ཁྲག་ཆེན་གཉིས་ཁྲག་ཁྲིག་ལྔ་ལྷག་ཙམ་ལ་སྐུལ་ཁྲིད་བྱས་པས། མི་ཐེངས་དུང་ཕྱུར་གསུམ་བྱེ་བ་དྲུག་ལྷག་ལ་ཕན་པ་ཐོབ། རིག་གནས་ཡུལ་སྐོར་གྱི་རྣམ་པ་རྒྱུན་ཆད་མེད་པར་གསར་པ་དང་ཞབས་ཞུའི་འཛད་སྤྱོད་མགྱོགས་མྱུར་སྒོས་རིམ་འཕར་བྱུང་ཡོད་ལ། འཛད་སྤྱོད་གསར་པ་རྒྱུན་མཐུད་ངང་བྱུང་བ་དང་། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་ནང་། མཐའ་མའི་འཛད་སྤྱོད་གཏོང་སྒོས་དཔལ་འབྱོར་འཕར་སྣོན་ལ་བྱས་རྗེས་བཞག་ཚད53.5%ཟིན་པ་དེ་ན་ནིང་གི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་གནས9འཕར། ད་ལོར་སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་རབ་བཀྲམ་ལྔ་ལས་བརྒལ་བའི་རེ་བ་ཡོད།

2025ལོར་ཕྱིར་བལྟས་ཚེ་རླུང་རླབས་དྲག་པོ་དང་དཀའ་ངལ་དང་འགྲན་སློང་མང་པོ་ཡོད་ཀྱང་། ཀྲུང་གོའི་དཔལ་འབྱོར་གྲུ་གཟིངས་ཀྱིས་རླུང་བརྟེན་རླབས་གཤག་དང་བརྟན་པོའི་ངང་མདུན་སྐྱོད་བྱས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”《གྲོས་གཞི》ཡིས་མ་འོངས་པའི་ལོ་ལྔའི་རིང་གི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་འཆར་གཞི་གསར་པ་བཀོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་ལམ་བུའི་ཐོག་ལེའུ་གསར་པ་སླར་ཡང་རྩོམ་འགོ་ཚུགས།

ལམ་ཐག་རིང་ཡང་ལམ་ལ་ཆས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད། ཕུགས་འདུན་དོན་གཉེར་མཁན་ཐེར་འབུམ་གཅིག་དུང་ཕྱུར་བཞི་ལྷག་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་ཚེ། དེ་བས་མཛེས་སྡུག་ལྡན་པའི་མ་འོངས་པའི་ཕྱོགས་སུ་སྐྱོད་ངེས་ཡིན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།