ཟླ12ཚེས9ཉིན་གྱི་ཆུ་ཚོད18དང་སྐར་མ42སྟེང་། ཆུ་ཚོད8ལྷག་བརྒྱུད་ནས་གྲུ་ཚང་ལས་བུད་དེ་འགུལ་སྐྱོད་བྱས་པ་བརྒྱུད། ལྷ་གྲུ་ཉེར་གཅིག་པའི་འཕུར་སྐྱོད་པ་ཀྲང་ལུའུ་དང་ཝུའུ་ཧྥེ། ཀྲང་ཧུང་ཀྲང་བཅས་ཀྱིས་མཐུན་སྦྱོར་དམ་ཟབ་བྱས་ཏེ་བར་སྣང་ས་ཚིགས་ཀྱི་འཕྲུལ་ཆས་དཔུང་པ་དང་ས་ངོས་ཚན་ཞིབ་མི་སྣས་གཞོགས་འདེགས་དང་རྒྱབ་སྐྱོར་འོག ཐེངས་དང་པོར་གྲུ་ཚང་ལས་འབུད་པའི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས།
ཆུ་ཚོད10དང་སྐར་མ28ཡས་མས་སུ། འཕུར་སྐྱོད་པ་ཀྲང་ལུའུ་ཡིས་གནམ་གཤིས་ཀྱི་འགག་སྒོ་ཕྱེས་རྗེས་གྲུ་ཚང་ལས་ཕྱིར་བུད། ཝུའུ་ཧྥེ་ཡིས་གྲུ་ཚང་གི་སྒོ་ཁ་ནས་འབྲེལ་ཡོད་སྒྲིག་ཆས་དང་ཡོ་བྱད་གྲུ་ཚང་ཕྱི་རོལ་དུ་ལས་ཀ་བྱེད་མཁན་ཀྲང་ལུའུ་ལ་བརྒྱུད་སྤྲོད་བྱས་པ་དང་། འབྲེལ་སྒྲིག་ཆས་སྐོར་ཞིབ་ལས་དོན་ལ་གཞོགས་འདེགས་ཀྱང་བྱས་པ་རེད། འཕུར་སྐྱོད་པ་གཉིས་ཀྱི་ལུས་ལ་ཁ་མདོག་དམར་པོ་དང་སྔོན་པོ་ཅན་གྱི་ལྭ་བ་གྱོན་ཡོད་ལ། འདི་ནི་གྲུ་ཚང་ལས་བུད་དེ་འགུལ་སྐྱོད་བྱེད་པར་བཀོལ་ཐེངས་དང་པོ་རེད། ཆུ་ཚོད13དང་སྐར་མ19ཐོག འཕུར་སྐྱོད་པ་ཀྲང་ལུའུ་འཕྲུལ་ཆས་དཔུང་པར་བསྡད་ནས་ལྷ་གྲུ་ཉི་ཤུ་པའི་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་གི་སྒེའུ་ཁུང་ཉེ་འགྲམ་དུ་བསྐྱོད་དེ་གནོད་སྐྱོན་ཐེབས་གནས་ལ་སྐོར་ཞིབ་བྱས་ནས་པར་བླངས།
ཆུ་ཚོད15དང་སྐར་མ30ཡས་མས་སུ། འཕུར་སྐྱོད་པ་ཝུའུ་ཧྥེ་གྲུ་ཚང་ལས་བུད་དེ་ཀྲང་ལུའུ་དང་མཉམ་དུ་ལས་ཀ་བྱས་པ་རེད། དེའི་སྐབས་སུ། འཕུར་སྐྱོད་པ་ཀྲང་ཧུང་ཀྲང་གིས་ཐེན་ཧི་གྲུ་ཚང་ལྟེ་བའི་ནང་རྒྱབ་སྐྱོར་བྱས་པ་རེད། འཕུར་སྐྱོད་པས་བར་སྣང་ས་ཚིགས་ཀྱི་འཕྲུལ་ཆས་དཔུང་པ་དང་ས་ངོས་ཚན་ཞིབ་མི་སྣའི་གཞོགས་འདེགས་དང་རྒྱབ་སྐྱོར་འོགལྷ་གྲུ་ཉི་ཤུ་པའི་འཕུར་གྲུ་ཕྱིར་ལོག་གྲུ་ཚང་གི་སྒེའུ་ཁུང་ལ་སྐོར་ཞིབ་པར་ལེན་དང་བར་སྟོང་ས་ཚིགས་ཀྱི་བར་སྟོང་ཆག་གྲུམ་འགོག་སྲུང་སྒྲིག་ཆས་སྒྲིག་སྦྱོར། དྲོད་ཚད་ཚོད་འཛིན་གྱི་སྒྲིག་ཆས་བང་རིམ་མང་པོ་བརྗེ་བ་སོགས་ཀྱི་ལས་འགན་བདེ་བླག་ངང་འགྲུབ་པ་རེད།