མཚོ་སྔོན་ཞིང་ཆེན་གྱི་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་འཛུགས་པའི་ཚོགས་ཆེན་དང་སྐབས་དང་པོའི་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་གྱི་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་འཛུགས་པའི་ཚོགས་ཆེན་དང་སྐབས་དང་པོའི་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་ཟི་ལིང་དུ་བསྡུས། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསུམ་པའི་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་དང་། ཀྲུང་གོའི་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་ཚོགས་མིའི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དང་བླངས་ཞབས་ཞུའི་བྱ་བར་བཏོན་པའི་བཀོད་སྒྲིག་བླང་བྱ་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག་ལ་གྲོས་འཆམ་བྱུང་བ་དང་། སྐབས་དང་པོའི་ལས་འཛིན་ལྷན་ཚོགས་བདམས་ཐོན་བྱུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཀྲུང་གོའི་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁྲིན་ཏུང་ཀང་གིས་ཤིས་ཚིག་ཕུལ།

ཚོགས་འདུ་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གྱིས་དུས་རབས་གསར་བའི་དང་བླངས་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཞིང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དང་བླངས་ཞབས་ཞུའི་བྱ་བར་མཐོང་ཆེན་ཚད་མེད་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་དང་བླངས་ཞབས་ཞུའི་རྩ་འཛུགས་མ་ལག་སྔར་ལས་འཐུས་ཚང་དང་། རུ་ཁག་གི་གཞི་ཁྱོན་བསྟུད་མར་ཆེ་རུ་འགྲོ་བ། ཞབས་ཞུའི་ཁྱབ་ཁོངས་རྒྱུན་མཐུད་ངང་རྒྱ་བསྐྱེད་པ་བཅས་ལ་སྐུལ་འདེད་བཏང་། མཚོ་སྔོན་ཞིང་ཆེན་གྱི་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་དེས་རང་ཞིང་གི་དང་བླངས་ཞབས་ཞུའི་བྱ་གཞག་དེ་མ་ལག་ཅན་གྱི་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་བསྐྱོད་པ་མཚོན།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་སོགས་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ཁྲོད་དང་བླངས་སྟོབས་ཤུགས་མངོན་པར་བྱེད་དགོས། མཐོ་སྒང་གི་གཤིན་སར་རྐང་འཛུགས་པ་དང་། དང་བླངས་ཞབས་ཞུའི་སྙིང་སྟོབས་ལ་སྐུལ་མ་གཏོང་བ།  མི་རིགས་ཀྱི་ཕུལ་བྱུང་ཁྲག་རྒྱུན་གྱི་རྒྱུན་མཐུད་དེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དང་བླངས་ཟོང་རྟགས་བསྐྲུན་དགོས། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་། དང་བླངས་ཞབས་ཞུ་གཞི་རིམ་དུ་རྒྱུན་བསྲིངས་པར་སྐུལ་འདེད་བཏང་ནས། རིམ་པ་སོ་སོ་དང་རིགས་སོ་སོའི་འཕྲལ་བསྟུན་རོགས་སྐྱོབ་དང་བླངས་རུ་ཁག་གི་འཕྲལ་བསྟུན་ཐག་གཅོད་ཆེད་ལས་ནུས་པ་མཐོར་འདེགས་གཏོང་བ་དང་། དང་བླངས་པ་རྣམས་གྲོང་གསེབ་དར་སྤེལ་དང་གཞི་རིམ་བཅོས་སྐྱོང་ཁྲོད་ཟབ་ཞུགས་བྱེད་པར་ཧུར་ཐག་གིས་ཁྲིད་སྟོན་བྱས་ནས། མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་ཀྱི་གསོན་ཤུགས་བསྐྱེད་དགོས། མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་འཛུགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། རང་ངོས་འཛུགས་སྐྱོང་ཆེ་རུ་གཏོང་བ། ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། གསབ་སྦྱོང་འཐབ་ར་བརྟན་པོར་འཛུགས་པ། ཞབས་ཞུའི་སྟེགས་བུ་ལེགས་པོར་བསྐྲུན་པ་དང་། མཐུན་སྦྱོར་མཉམ་ལས་ཟབ་སྤེལ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དང་བླངས་ཞབས་ཞུའི་བྱ་གཞག་སྐས་རིམ་གསར་བར་སླེབས་པ་དང་རྣམ་པ་གསར་བ་བཏོད་པར་ཁྲིད་སྟོན་བྱེད་དགོས།

ཚོགས་འདུ་ལས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འགན་སྒྲུབ་ཁག་ཁུར་བྱེད་པ་དང་། དང་བླངས་ཞབས་ཞུ་བྱ་བའི་འཆར་འགོད་སྣེ་ཁྲིད་དང་ཚད་ལྡན་མཛུབ་སྟོན་ལ་ཤུགས་བསྣན་ནས། མཉམ་འབྲེལ་ལྷན་ཚོགས་དང་དང་བླངས་ཞབས་ཞུའི་རྩ་འཛུགས་མི་འདྲ་བའི་སྐྱོན་བྲལ་འཕེལ་རྒྱས་ཐད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས། རྒྱ་ཆེའི་དང་བླངས་པ་རྣམས་ཀྱིས་དང་བླངས་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་། ལེགས་སྐྱེས་འབུལ་བའི་བརྒྱུད་རིམ་ཁྲོད་བརྩེ་སེམས་དང་ཁག་ཁུར་མངོན་པར་བྱེད་ལ། འགུལ་སྐྱོད་དངོས་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ཧུར་ཐག་གིས་ཟབ་ཞུགས་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པར་ཁྲིད་སྟོན་བྱས་ཏེ། མི་རེ་རེས་བསྒྲུབ་དགོས་ལ། མི་རེ་རེས་བསྒྲུབ་འདོད་པ། མི་རེ་རེས་བསྒྲུབ་ཐུབ་པ་བཅས་ཀྱི་སྤྱི་ཚོགས་ཀྱི་སྣང་ཚུལ་ལེགས་པོ་མཉམ་དུ་བསྐྲུན་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།