བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཡོད་སའི་ལས་ཁུངས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་མོ་བྱས་པར་མ་ཟད། སྡེ་ཁག་སོ་སོའི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དངོས་འབེབས་བྱ་བར་བཀོད་སྒྲིག་བྱས།
ཚང་མས་གཅིག་གྱུར་གྱིས་བལྟས་ན། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ལས་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་སྒྲིག་བཟོ་བྱེད་པའི་སྐོར་གྱི་གྲོས་གཞི་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་དཔེ་བསྡུར་ཚད་བསྡུར་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་རྩ་དོན་གལ་ཆེན། དམིགས་འབེན་གཙོ་བོ། འཐབ་ཇུས་ལས་འགན་གལ་ཆེན་བཅས་བཏོན་ཡོད་པ་དང་། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་ཡིག་ཆ་དང་དུས་ཚོད་རེའུ་མིག ལམ་ཐིག་པར་རིས་བཅས་གཏན་འབེབས་གསལ་བོ་བྱས་ཏེ་མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་ཐད་ནས་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལོན་པར་ཁ་ཕྱོགས་དང་བྱེད་ཐབས་གཏན་འཁེལ་གསལ་བོ་བྱས་ཡོད་པར་འདོད།
ཚང་མས་ལང་ལོང་སྒོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ཤེས་རྟོགས་བཟང་བོ་བྱེད་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། བསམ་སྦྱོར་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་དང་ལས་འགན་ལ་དམ་དུ་དམིགས་ནས་འཆར་འགོད་བཟང་བོ་བྱེད་པ། ལོ་རེ་བཞིན་གྲུབ་འབྲས་དམ་འཛིན་དང་ལོ་རེ་བཞིན་ཐོལ་བརྒལ་ཡོད་པར་བྱས་ནས་སྐས་རིམ་རྣམ་པའི་སྐུལ་འདེད་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་འབྱུང་དགོས། བློ་བརྟན་འགྱུར་མེད་སྒོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་འཛུགས་སྐྲུན་གྱི་བྱེད་ནུས་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བ། དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་གོ་སྐབས་དམ་འཛིན་དང་འཕེལ་རྒྱས་བརྩོན་ལེན། གདོང་ལེན་མཁན་བཟང་བོ་བཅས་བྱས་ནས་མཚོ་སྔོན་ལ་དགའ་བ་དང་མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་བྱས་རྗེས་འཇོག་པའི་སྙིང་སྟོབས་སྐུལ་སློང་བྱེད་པ། སྔར་ལས་རང་རྟོགས་སྒོས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་ནས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་འབད་པ་བྱེད་དགོས་ཞེས་བསྟན།
ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་ཀའོ་ཧྲི་མེན་གྱིས་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱིས་འཆར་འགོད་བྱས་པའི་འཆར་གཞི་དམིགས་འབེན་དུ་བྱས་ནས། འཇོན་མི་གསོ་སྐྱོང་དང་འཇོན་མི་ནང་འདྲེན། འཇོན་མི་བཀོལ་སྤྱོད། འཇོན་མི་འགུག་པ་བཅས་ཀྱི་འབྲེལ་ཐག་ཡོངས་ལ་ཤུགས་འདོན་པར་དམ་པོར་དམིགས་པ་དང་། ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་འཇོན་མི་འཕེལ་རྒྱས་འཆར་འགོད་དམ་འཛིན་བྱས་ནས་འཇོན་མི་འཕེལ་རྒྱས་སྒྲིག་གཞིའི་རྐྱེན་སྲོལ་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པ་དང་། ཁུ་ནུ་འཇོན་མིའི་འགུལ་སྐྱོད་འཆར་གཞི་མུ་མཐུད་དུ་ལག་བསྟར་བྱེད་པ། སློབ་རའི་འཇོན་མི་ནང་འདྲེན་སོགས་ཀྱི་སྟེགས་བུ་བེད་སྤྱོད་གང་ལེགས་བྱེད་པ། དྲིན་གཟོ་ཤེས་པ་དང་བརྩེ་སེམས་ལྡན་པ། དངོས་སྒྲུབ་བརྩོན་ལེན་བཅས་ཀྱི་བླང་བྱ་འགུལ་སྐྱོད་རང་རྟོགས་སུ་བསྒྱུར་བ་བཅས་བྱས་ནས་འཇོན་མི་བྱ་བས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་བའི་ཐད་སྟོབས་ཤུགས་འབུལ་ངེས་ཡིན་ཞེས་བསྟན།
ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་ལས་བྱེད་པ་དབྱང་ཁྲིན་ཁྲིན་གྱིས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱིས་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་བྱས་པ་དང་། མཚོ་སྔོན་གྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་འཆར་གཞིར་འཆར་འགོད་བྱས་པ་ནི་བབ་བསྟུན་འཕྲལ་སྒྲུབ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་ཐེངས་ཤིག་དང་སྤྱིའི་བཀོད་སྒྲིག་ཐེངས་ཤིག་ཡིནཔས། ཚང་འཛོམས་གྲོས་ཚོགས་ལས་བཏོན་པའི་རིག་གནས་འཛུགས་སྐྲུན་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་སོ་སོ་ལག་བསྟར་ཟབ་མོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་རིག་གནས་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། མཚོ་སྔོན་གྱི་རིག་གནས་རིན་ཐང་དང་ནང་སྙིང་སྔོག་འདོན་ཟབ་མོ་དང་རྒྱུན་འཛིན་བཟང་བོ་བྱེད་པ། རིག་གནས་ལས་དོན་དར་སྤེལ་གཏོང་བ། རིག་གནས་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་བ། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་དང་རིམ་པ་མང་པ། ཕྱོགས་མང་པོ་བཅས་ཀྱི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་བསྐོང་བ་བཅས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིགས་གནས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།