སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཉེས་གསོག་བྱས་ནས་བྲོས་བྱོལ་བྱེད་བཞིན་པའི“ཕྱུག་བདག”དང་རྐང་འཛིན་མི་སྣ100ཡོངས་བསྒྲགས་ངང་འཛིན་བཟུང་བྱས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

གསར་འགོད་པས་ཟླ12པའི་ཚེས9ཉིན་སྤྱི་བདེ་པུའུ་ནས་ཤེས་གསལ་ལྟར་ན། ཁྲིམས་ལྟར་རྒྱལ་མཚམས་ལས་བརྒལ་བའི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ཉེ་ཆར་སྤྱི་བདེ་པུའུ་ཡིས་འཛིན་བཟུང་བཀའ་རྒྱ་ཁྱབ་བསྒྲགས་བྱས་ནས། གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཉེས་གསོག་གི་བྲོས་བྱོལ་བྱེད་བཞིན་པའི“ཕྱུག་བདག”དང་རྐང་འཛིན་མི་སྣ100ཡོངས་བསྒྲགས་ངང་འཛིན་བཟུང་བྱས་པ་དེའི་ནང་ཝུའུ་ཆི་ཕིང་དང་། ཝུའུ་ཆིང་ཀྲེན། ཧྥུའུ་ཞའོ་པིན། ཨོའུ་ཁྲང་ཧྭ་སོགས་འབར་མ་བྱང་རྒྱུད་ཀྱི“ཁྱིམ་རྒྱུད་ཆེན་པོ་བཞིའི”ཉེས་གསོག་ཚོགས་པའི་བྲོས་བྱོལ་ཉེས་ཅན་གལ་ཆེན་དག་ཚུད་ཡོད། 

བརྟག་དཔྱད་བྱས་པ་བརྒྱུད། ཉེ་བའི་ལོ་ཤས་རིང་ཝུའུ་ཆི་ཕིང་དང་། ཝུའུ་ཆིང་ཀྲེན། ཧྥུའུ་ཞའོ་པིན། ཨོའུ་ཁྲང་ཧྭ་སོགས་ཉེས་གསོག་དོགས་ཡོད་ཉེས་ཅན་གྱིས་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱི་འགེབས་སྲུང་འོག་མི་སྣ་སྒྲིག་འཛུགས་བྱས་ནས། ཀྲུང་གོའི་སྤྱི་དམངས་ལ་དམིགས་པའི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་གྱི་ཉེས་གསོག་བྱ་སྤྱོད་ཡུན་རིང་སྤེལ་བ་དང་། མགོ་སྐོར་གྱི་གྲངས་འབོར་ཧ་ཅང་ཆེ་ལ་ངོ་བོ་ཧ་ཅང་ངན་ཞིང་། ལྷག་པར་དུ་སྤྱི་བདེ་པུའུ་ཡིས་འབར་མ་བྱང་རྒྱུད་ཀྱི་རང་རྒྱལ་དང་འབྲེལ་བ་ཡོད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་ལས་དོན་བཀོད་སྒྲིག་བྱས་ཚུན། སྤྱི་བདེ་ལས་ཁུངས་ཀྱིས་རྡུང་རྡེག་གཏོང་བའི་མཐོ་གནོན་གྱི་གནས་ཚུལ་འོག གོང་གསལ་ཉེས་གསོག་དོགས་ཡོད་མི་སྣས་སྔར་བཞིན་ཚོད་འཛིན་མི་བྱེད་པ་དང་ཉེས་གསོག་མཚམས་མི་འཇོག་པར་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་མུ་མཐུད་དུ་སྒྲིག་འཛུགས་དང་ལག་བསྟར་བྱས་པ་རེད། བྲོས་བྱོལ་མི་སྣ་ཁག་དེའི་ཉེས་གསོག་དོན་དངོས་གསལ་པོ་དང་དཔང་རྟགས་ཁུངས་བཙན་དང་འདང་ངེས་ཡོད་པས། ཀྲེ་ཅང་ཧང་ཀྲོའུ་དང་ཝུན་ཀྲོའུ། ཧྥུའུ་ཅན་ཆོན་ཀྲོའུ་དང་ལུང་ཡན། ཧི་ནན་ཕིང་ཏིན་ཧྲན། ཀོང་ཏུང་ཧྲེན་ཀྲེན། ཡུན་ནན་ཁུན་མིན། ཁྲུང་ཆིང་སོགས་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དེ་ཚོ་ཡོངས་བསྒྲགས་ངང་བྱ་དགའ་སྤྲད་ནས་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས། 

སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་ཉེས་གསོག་དོགས་ཡོད་མི་སྣས་གནས་བབ་གསལ་པོར་ཤེས་པ་དང་། ནག་ཉེས་མཚམས་འཇོག་པ། རང་འགུལ་ངང་ནག་ཉེས་ཁས་ལེན་པ་བཅས་བྱས་ནས་གུ་ཡངས་ངང་ཐག་གཅོད་བྱ་རྒྱུའི་བརྩོན་ལེན་བྱེད་དགོས་པའི་སྐུལ་མ་བཏང་། དེ་དང་ཆབས་ཅིག སྤྱི་ཚོགས་ལས་རིགས་སོ་སོ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཧུར་ཐག་གིས་ཐེར་འདོན་བྱས་ནས། ཉེས་གསོག་དོགས་ཡོད་མི་སྣ་འཛིན་བཟུང་བྱེད་རོགས་བྱ་རྒྱུའི་རེ་བ་བཏོན་ཡོད། ནུས་ལྡན་གྱི་ཁུངས་སྣེ་འདོན་སྤྲོད་དང་འཛིན་བཟུང་བྱེད་རོགས་བྱས་པའི་བྱས་རྗེས་ལྡན་པའི་མི་སྣར་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲུང་སྐྱོང་དང་བྱ་དགའ་སྤྲོད་རྒྱུ་རེད། །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།