ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན“ལྔ་བཅོ་ལྔའི”འཆར་འགོད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་བཞུགས་མོལ་གྲོས་ཚོགས་བསྡུས་ནས། རང་ཞིང་གི“ལྔ་བཅོ་ལྔའི”འཆར་འགོད་སྒྲིག་བཟོ་གཏན་འབེབས་བྱ་བའི་ཐད་ནས་དམངས་གཙོ་ཏང་ཁག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་བསྡུ་དང་མཉམ་ཤུགས་གྲུབ་པར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི“ལྔ་བཅོ་ལྔའི”འཕེལ་རྒྱས་ཐད་མཉམ་དུ་ཇུས་འགོད་བཟང་པོ་བྱས། མགོན་པོ་བཀྲ་ཤིས་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་སྟེང་པད་གོ་ཡིས་ཞིང་ཆེན་ཏང་ཨུའི“གྲོས་གཞིའི”འཆར་ཟིན་གནས་ཚུལ་དང་། སྤྱིའི་བསམ་གཞིགས་དང་ནང་དོན་གཙོ་བོ་བཅས་ཁྱབ་བསྒྲགས་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལིའུ་ཐུང་ཏི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཁོང་ཡུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཝང་ཞོན། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཝང་ཅན། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཝང་ཁུན། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའ་རེན་ཨུ་ཡོན་ཀྲུའུ་ཁྲུན་ཡུན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའམ་ ཞིང་ཆེན་ཚོང་ཚོགས་ཀྱི་ཚོགས་གཙོ་ལི་ཆིང་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཚང་མས“ལྔ་བཅུ་བཞིའི”དུས་སྐབས་ཀྱི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་ལ་འདེང་འཇོག་ཆེན་པོ་བྱས་པ་དང་། ཞིང་ཆེན་ཏང་ཨུའི“གྲོས་གཞི”ལས་མཚོ་སྔོན་གྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཐད་འཆར་འགོད་བྱས་པར་ཡོངས་སུ་འཐད་པ་བྱུང་བར་མ་ཟད། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་རིམ་སྤོར། དམངས་འཚོ་འཛུགས་སྐྲུན། ཚོང་གཉེར་ཁོར་ཡུག སྤྱི་ཚོགས་བཅོས་སྐྱོང་སོགས་ལ་དམིགས་ནས་བསམ་འཆར་དང་གྲོས་གཞི་བཏོན།
ཚང་མའི་གཏམ་བཤད་ལ་མཉན་རྗེས། ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི“ལྔ་བཅོ་ལྔའི”འཆར་འགོད་གཏན་འབེབས་བྱེད་པའི་གྲོས་གཞིར་ཚད་མཐོའི་མཐོང་ཆེན་བྱས་ནས། ལས་རིགས་སོ་སོའི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པ་དང་། ཚང་མས་བཏོན་པའི་བསམ་འཆར་དང་གྲོས་གཞིར་འབྲེལ་ཡོད་སྡེ་ཁག་གིས་ཞིབ་འཇུག་ནན་མོ་དང་བསྡུ་ལེན་གང་ལེགས་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་དེ་ཏང་ཕྱིའི་མི་སྣའི་རྒྱབ་སྐྱོར་ཆེན་པོ་དང་འབྲལ་ཐབས་མེད་པ་དང་། ལྷག་པར“ལྔ་བཅུ་བཞིའི”ཚུན་ལ། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་རྒྱལ་ཁབ་སྤྱི་གླིང་དང་ཐོན་ལས“གནས་བཞི”། ལྗང་མདོག་རྩིས་ནུས་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས་བརྟག་དཔྱད་ཟབ་མོ་དང་བློ་འདོན་ཇུས་འབུལ། སྲིད་ཞུགས་སྲིད་གླེང་བཅས་བྱས་ནས་བྱས་རྗེས་ཆེན་པོ་བཞག་པས། དེར་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུས་པ་ཡིན།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། “ལྔ་བཅོ་ལྔའི”དུས་སྐབས་ནི་མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་པས། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སོ་སོའི་དངོས་ཡོད་ལ་གཞིགས་ནས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་དང་། ལས་རིགས་སོ་སོ་དང་ཕྱོགས་སོ་སོའི་སེམས་ཤུགས་གཅིག་བསྡུ་བྱེད་པ་དང་དངོས་སྒྲུབ་སྔོན་བརྩོན་བྱེད་པར་སྐུལ་སློང་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་དང་རང་རྟོགས་འགུལ་སྐྱོད་དུ་བསྒྱུར་བའི་རེ་བ་བཅངས་ཡོད། འཇོན་མི་སྣ་འཛོམས་དང་རིག་སྟོབས་གཅིག་བསྡུ། འབྲེལ་འདྲིས་ཁྱབ་ཆེ་བ་སོགས་ཀྱི་དགེ་མཚན་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཆེན་གྱི་གནས་ཚུལ་དངོས་དང་དགེ་མཚན། འཕེལ་རྒྱས་ཀྱི་དགོས་མཁོ་བཅས་ལ་དམིགས་ནས། བརྟག་དཔྱད་ཞིབ་འཇུག་ཟབ་སྤེལ་བྱས་ཏེ། དམིགས་སའི་རང་བཞིན་དང་བེད་སྤྱོད་རང་བཞིན་ལྡན་པའི་ཐག་གཅོད་ཇུས་གཞི་དང་སྲིད་ཇུས་ཀྱི་གྲོས་གཞི་སྔར་ལས་མང་པོ་འདོན་དགོས། རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་རྟོག སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཞིང་ཆེན་ཏང་ཨུས་དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་འགན་ནུས་སྒྲུབ་པ་དང་ནུས་པ་འདོན་སྤེལ་བྱེད་པར་སྔར་བཞིན་རྒྱབ་སྐྱོར་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་དང་ཏང་མང་མཉམ་ལས་བྱ་གཞག་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་བསྐྲུན་ཐད་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལོན་པར་མཉམ་དུ་སྐུལ་འདེད་གཏོང་དགོས། །