——ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ནི་མཚོ་སྔོན་གྱི“ལྔ་བཅུ་བཞི”མཇུག་སྒྲིལ་ལ་ཉེ་ཞིང་། “ལྔ་བཅོ་ལྔ”མགོ་བརྩམ་ལ་ཉེ་བའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་རེད། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱེད་པའི་ཐད་ཀྱི་གྲོས་གཞི》ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་ཚད་བསྡུར་ཞིབ་བསྡུར་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་རྩ་བའི་གཞི་འཛིན་ས་བྱས་ཏེ། མཚོ་སྔོན་གྱི“ལྔ་བཅོ་ལྔའི”དུས་སྐབས་ཀྱི་འཕེལ་རྒྱས་ཀྱི་མཛུབ་སྟོན་དགོངས་དོན་དང་རྩ་དོན་གལ་ཆེན། དམིགས་འབེན་གཙོ་བོ། འཐབ་ཇུས་ལས་འགན་གལ་ཆེན་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་བཏོན་ཏེ། མཚོ་སྔོན་གྱིས་རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་པར་ཁག་ཐེག་བྱ་ཆེད་ཁ་ཕྱོགས་དང་ཐབས་ལམ་གསལ་པོར་བསྟན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་འགུལ་སྐྱོད་ཚང་འཛོམས་གྲོས་ཚོགས་ཀྱི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས།
“ལྔ་བཅོ་ལྔའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་འདིང་བ་དང་ཕྱོགས་ཡོངས་ནས་སྟོབས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་སྔ་ཕྱི་མཚམས་སྦྱོར་བའི་གོ་གནས་གལ་ཆེན་ལྡན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས“ལྔ་བཅོ་ལྔའི”དུས་སྐབས་ཀྱི་མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་གནས་མཚམས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། མཚོ་སྔོན་ནི་འཐབ་ཇུས་གོ་གནས་སྤྱི་ཡོངས་འཕར་བའི་དུས་སྐབས་དང་སྐྱེ་ཁམས་དགེ་མཚན་བསྒྱུར་བའི་གནད་འགག་གི་དུས་སྐབས། དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་མཐོར་འདེགས་ཀྱི་དུས་སྐབས་སུ་བསྐྱོད་རྒྱུ་ཡིན་པ་བསྟན། འདི་ལྟ་བུའི་འཕེལ་རྒྱས་ཀྱི་གནས་ཚད་ཁྲོད། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་རྒྱལ་སྤྱིའི་ཤུགས་རྐྱེན་ནི་སྔར་ལས་ཇེ་མཐོར་འགྱུར་ཞིང་། རང་བྱུང་གིས་བསྩལ་བའི་སྦས་ཤུགས་ཆེན་པོ་སྔར་ལས་མངོན་གསལ་དུ་གྱུར་ལ། ས་ཁོངས་འཕེལ་རྒྱས་ཀྱི་སྒུལ་ནུས་དང་གསོན་ཤུགས་ནི་སྔར་ལས་འཛོམས་པོར་འགྱུར་ངེས། དུས་མཚུངས་སུ་ང་ཚོས་མཐོང་དགོས་པ་ནི། “ལྔ་བཅོ་ལྔའི”དུས་སྐབས་སུ་མཚོ་སྔོན་ལ་འཕེལ་རྒྱས་ཀྱི་གོ་སྐབས་དང་འགྲན་སློང་གཉིས་ཀ་ལྡན། མཐོ་སྒང་ས་ཁུལ་དང་ནུབ་རྒྱུད་ས་ཁུལ། མི་རིགས་ས་ཁུལ། དར་རྒྱས་དལ་བའི་ས་ཁུལ་བཅས་ཡིན་པའི་ཆ་ནས། རང་སྟེང་གི་འཕེལ་རྒྱས་དོ་མཉམ་མིན་ཞིང་ཆ་ཚང་མིན་པའི་གནད་དོན་སྔར་བཞིན་མངོན་གསལ་ཡིན། མཚོ་སྔོན་གྱིས་རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་སྔར་ལས་ཆེ་བའི་དཀའ་སྤྱད་དང་འབད་བརྩོན་བྱེད་དགོས། ཚད་ངེས་ཅན་གྱི་འཕར་ཚད་རྒྱུན་འཁྱོངས་བྱེད་པ་དང་དཔལ་འབྱོར་གྱི་སྤྱི་འབོར་ཆེར་གཏོང་བ་ནི་སྟོབས་ལྡན་གྱི་འདེགས་སྐྱོར་ཡིན་ཞིང་། དེ་ལས་ཀྱང་གལ་ཆེ་བ་ནི་སྤུས་ཀ་ནུས་ལྡན་ངང་མཐོར་འདེགས་བྱ་རྒྱུ་དེ་རེད། ང་ཚོས་རྒྱལ་ཁབ་ལ་ཅི་མཁོ་དང་མཚོ་སྔོན་གྱིས་ཅི་ནུས། མང་ཚོགས་ཀྱིས་ཅི་རེ་ལ་གཞིགས་ནས་བློ་བརྟན་འགྱུར་མེད་ཀྱིས་ཞན་ཆ་ཁ་གསབ་དང་ལེགས་ཆ་དར་སྤེལ། རྨང་གཞི་སྲ་བརྟན། སྒུལ་ནུས་གསོག་འཇོག་བཅས་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་དང་འབྲེལ་བའི་འཐབ་ཇུས་ལས་འགན་ལ་ཐོད་བརྒལ་གལ་ཆེན་ལེན་པར་སྐུལ་འདེད་གཏོང་དགོས།
ཞིང་ཆེན་ཡོངས་ཀྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་བྱེད་ན། སྤྱི་ཡོངས་ལ་དམིགས་པའི་བསམ་བློ་དང་ཕྱོགས་ཡོངས་ཁོང་དུ་ཆུད་པའི་ཐབས་བཀོད། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་གཞིགས་ནས་སྐུལ་འདེད་བྱེད་པའི་ལོ་རྒྱུས་ཀྱི་རང་རྟོགས་དང་འཐབ་ཇུས་ཀྱི་ངེས་ཤུགས་བཅས་ལྡན་དགོས། 《གྲོས་གཞི》ཡིས་ཚད་བསྡུར་ཞིབ་བསྡུར་དང་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་འཛུགས་པ་གཉིས་གཅིག་གྱུར་བྱེད་པ་དང་། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ཟུང་འབྲེལ་བྱེད་པ། མ་ལག་ལྡན་པའི་འཆར་འགོད་དང་གནད་འགག་གི་ཐོད་བརྒལ་ཕན་ཚུན་སྐུལ་འདེད་བྱེད་པ། རྒྱུན་འཛིན་རྒྱུན་མཐུད་དང་གསར་སྐྲུན་རྒྱ་སྐྱེད་ཕན་ཚུན་མཐུད་པ་རྒྱུན་འཁྱོངས་བྱས་ཏེ། “ལྔ་བཅོ་ལྔའི”དུས་སྐབས་སུ་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་ངེས་པར་བརྩི་སྲུང་བྱ་དགོས་པའི་རྩ་དོན་གལ་ཆེན་གསལ་པོར་བསྟན་ཞིང་། “ལྔ་བཅོ་ལྔའི”དུས་སྐབས་ཀྱི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་བཏོན། “ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་བླ་ན་མཐོ་བ་རྒྱུན་འཁྱོངས། སྐྱེ་ཁམས་དམིགས་བསལ་དུ་འཛིན་པ་རྒྱུན་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས། བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་རྒྱུན་འཁྱོངས། གོ་ཆོད་ཚོང་ར་དང་ནུས་ལྡན་སྲིད་གཞུང་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་རྒྱུན་འཁྱོངས་བྱེད་པའི”རྩ་དོན་གལ་ཆེན་ལས་ལོ་རྒྱུས་ལ་ཟུར་ལྟ་བྱེད་པ་དང་དངོས་ཡོད་གཞིར་འཛིན་པ་མངོན་ཞིང་། དེ་ནི“ཇི་ལྟར་ལྟ་བའི”ངོས་འཛིན་སྨྲ་བ་ཡིན་ལ། “ཇི་ལྟར་སྒྲུབ་པའི”ཐབས་ལམ་སྨྲ་བའང་ཡིན། དེར་བསམ་བློའི་རང་བཞིན་དང་འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཤུགས་དྲག་པོ་ལྡན། “སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་བླངས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་གོམ་པ་བརྟན་པོ་སྤོས་པ། ཚན་རྩལ་གསར་གཏོད་ནུས་པ་མངོན་གསལ་གྱིས་ཆེ་རུ་ཕྱིན་པ། བཅོས་བསྒྱུར་སྒོ་འབྱེད་སྔར་ལས་ཟབ་སྤེལ་བྱས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མིའི་སེམས་སུ་འཇགས་པ། མི་དམངས་ཀྱི་འཚོ་བའི་སྤུས་ཀ་མངོན་གསལ་གྱིས་ཇེ་མཐོར་སོང་བ། ཆུ་ཚད་མཐོ་བའི་བདེ་འཇགས་རྒྱུན་མཐུད་ངང་བརྟན་པོར་གྱུར་པའི”དམིགས་འབེན་གཙོ་བོས་མཚོ་སྔོན་གྱིས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་སུ“ཅི་ཞིག་སྒྲུབ་པ”དང“ཇི་ལྟར་སྒྲུབ་པའི”གནད་དོན་གལ་ཆེན་ལ་ལན་བཏབ་པ་དང་། མཚོ་སྔོན་གྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ལ་ལམ་ཐིག་རི་མོ་གསལ་པོ་བྲིས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རང་འགུལ་ངང་གནས་བབ་གསར་པ་དང་བླང་བྱ་གསར་པར་བསྟུན་དགོས། སློབ་སྦྱོང་གི་རང་རྟོགས་རང་བཞིན་ལ་ཤུགས་སྣོན་པ་དང་བསམ་བློའི་འདུ་ཤེས་གཅིག་གྱུར་བྱེད་པ། དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ནུས་པ་མཐོར་འདེགས་བཏང་ནས།རྒྱུན་མཐུད་ཐུབ་པའི་འབད་འཐབ་ཁྲོད་འགན་ཁུར་གསར་པ་མངོན་དགོས་ཤིང་བྱས་རྗེས་གསར་པ་འཇོག་དགོས།
འཆར་གཞིའི་རི་མོ་བྲིས་ནས་ཚར། འགན་འཁྲིས་མི་ལ་བརྩོན་པར་སྐུལ། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་འགྲེངས་ཏེ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་དགོས། མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་དྲིན་དྲན་ཞོར་འབད་བརྩོན་བྱ་དགོས། མཚོ་སྔོན་ལ་དགའ་བ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་བརྩེ་བ་ཟབ་མོ་བཅངས་ཏེ། བསམ་ཕྱོགས་གཅིག་ཏུ་འགྲོ་བ་དང་ཤེད་ཤུགས་གཅིག་ཏུ་འདོན་པ། བློ་རྩེ་གཅིག་ཏུ་བཀོལ་བ་བཅས་མདུན་སྐྱོད་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་མཚོ་སྔོན་གྱི་བརྗིད་ཆགས་མཛེས་སྡུག་གི་རྣམ་པ་གསར་པ་གཏོད་དགོས། །