མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་བྱི་བའི་གནོད་འཚེ་ཐེབས་པའི་རྒྱ་ཁྱོན་བརྒྱ་ཆའི་གྲངས11མར་ཆག་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

གསར་འགོད་པས་ཉེ་ལམ་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་ནགས་རྩྭའི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་བྱ་བའི་སྐུལ་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར6.45་བཏང་སྟེ། ས་ཁོངས་དོ་དམ་དང་རིམ་དབྱེ་འགན་ཁུར་གྱི་རྩ་དོན་ལྟར། རྩྭ་ས་མུའུ་དུང་ཕྱུར1.26སྔོན་འགོག་ཚོད་འཛིན་བྱས་པ་དང་། དེའི་ཁྲོད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འགོག་བཅོས་རྒྱ་ཁྱོན་མུའུ་ཁྲི2570ལ་སླེབས་ཡོད། 2021ལོ་ནས2024ལོའི་བར། རྩྭ་ཐང་ལ་བྱི་བའི་གནོད་འཚེ་ཐེབས་པའི་རྒྱ་ཁྱོན་མུའུ་ཁྲི9424ནས་མུའུ་ཁྲི7949ལ་མར་ཆག་པ་དང་། བརྒྱ་ཆའི་གྲངས་གནས11མར་ཆག

ཞིང་ཆེན་ཡོངས་སུ་རྩྭ་ཐང་མུའུ་དུང་ཕྱུར5.92ཡོད་ལ། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་ཀྱི་གནོད་འཚེ་ཐེབས་པའི་རྒྱ་ཁྱོན་ཕལ་ཆེར་མུའུ་དུང་ཕྱུར1ལ་སླེབས་ཡོད་ཅིང་། ལྷག་པར་དུ་ལོ་ཧྲིལ་བོར་རྩྭ་ཐང་གི་བྱི་བའི་གནོད་འཚེ་ཐེབས་ཚད་མུའུ་ཁྲི8000ཡས་མས་སུ་སླེབས་ཡོད་པ་དང་། ཁྱབ་ཁོངས་ཡངས་ཤིང་འགོག་བཅོས་ཀྱི་དཀའ་ཁག་ཆེ་བར་བརྟེན། རང་ཞིང་གི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྱུར་བར་འཇིགས་སྐུལ་ཐེབས་ཡོད། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་མཐོ་ཚད་ནས་ལངས་ཏེ། སྲིད་གཞུང་གིས་གཙོ་ཁྲིད་དང་སྡེ་ཁག་གིས་མཉམ་ལས། ས་ཁོངས་ཀྱིས་དོ་དམ། སྤྱི་ཚོགས་ཟབ་ཞུགས་བཅས་ཀྱི་བྱ་བའི་རྐྱེན་སྲོལ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་པ་དང་། ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་གོ་སྐབས་སུ་བརྩིས་ནས། ཁུལ་ཁོངས་བར་དང་སྡེ་ཁག་བར་གྱི་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་མགྱོགས་མྱུར་ངང་བཙུགས་པ་དང་། ནགས་རྩྭའི་གནོད་ལྡན་སྐྱེ་དངོས་ཀྱི་འཕྲལ་བསྟུན་སྔོན་ཇུས་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་སྟེ། སྔོན་འགོག་ཚོད་འཛིན་གྱི་འགག་སྒྲོལ་འགུལ་སྐྱོད་སྤེལ།

བྱི་བ་འགོག་བཅོས་ཀྱི་དུས་སྐབས་ལེགས་ཤོས་ནི་སྤྱིར་བཏང་དུ་ཟླ11པ་ནས་ཟླ12པའི་བར་དང་ཡང་ན་དཔྱིད་དུས་ཀྱི་ཟླ3པ་ནས་ཟླ4པའི་བར་གྱི་རྩྭ་སྔོན་མ་སྐྱེ་བའི་སྔོན་ཡིན་ལ། བྱི་བ་འགོག་བཅོས་དུས་སྐབས་ནི་སྤྱིར་བཏང་དུ་དཔྱིད་དུས་ཀྱི་ཟླ3པ་ནས་ཟླ5པའི་བར་དང་ཡང་ན་སྟོན་དུས་ཀྱི་ཟླ9པ་ནས་ཟླ10པའི་བར་རེད། མཚོ་སྔོན་གྱིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་ལྔ་ལ་ཁེབས་པའི་ཚད་ལེན་སྔོན་བརྡའི་དྲ་རྒྱའི་མ་ལག་མགྱོགས་མྱུར་ངང་བསྐྲུན་པ་དང་། དཔྱིད་དུས་དང་སྟོན་དུས་ཀྱི་བྱི་བའི་གནོད་འཚེའི་རྒྱུན་ལྡན་ཞིབ་བཤེར་ལམ་ལུགས་ལག་བསྟར་ནན་མོ་བྱས་ཤིང་། མི་མེད་གནམ་གྲུ་སོགས་དེང་རབས་ཅན་གྱི་ལག་ཆ་ལེགས་པོར་སྤྱད་དེ་ཞིབ་བཤེར་བྱས། གཙོ་གནད་དང་དཀའ་གནད་ལ་དམིགས་ནས། ཁུལ་དབྱེ་ཇུས་འདོན་དང་རིགས་དབྱེ་མཛུབ་སྟོན། ཚད་མཐུན་ཚོད་འཛིན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ལ། རྨ་འབྲི་རྫ་གསུམ་སོགས་སྐྱེ་ཁམས་ལྟེ་བའི་ཁུལ་དང་འབྲོག་པའི་གཞིས་སྡོད་ཁུལ། འགྲིམ་འགྲུལ་ལམ་ཐིག་གཙོ་བོའི་འགྲམ་རྒྱུད། ཡུལ་སྐོར་ལྗོངས་ཁུལ་སོགས་མི་ཚོགས་འདུས་སྡོད་ཆེ་སའི་ཁུལ་ཁོངས་དེ་ཐོག་མའི་འགོག་བཅོས་ཁུལ་དུ་བརྩི་བ་དང་། མཐོ་སྒང་གི་བྱི་ལོང་དང་མཐོ་སྒང་གི་ཨ་བྲ་སོགས་བྱི་བའི་རིགས་མི་འདྲ་བའི་འཚོ་བའི་གོམས་གཤིས་ལ་དམིགས་ཏེ། ཡུལ་བབ་དང་བསྟུན་ནས་བར་ཁྱད་ཅན་དང་གནད་འཁེལ་ཅན་གྱི་འགོག་བཅོས་ཚོད་འཛིན་ཇུས་གཞི་གཏན་འབེབས་བཟོས། བྱི་བའི་གནོད་འཚེ་བསྟུད་མར་འབྱུང་སའི་ཁུལ་ཁོངས་སུ། མི་མེད་གནམ་གྲུ་སྤྱད་ནས་རྙི་འཛུགས་པ་དང་ཆེད་ལས་རུ་ཁག་གི་གཙོ་གནད་འགོག་བཅོས་ཟུང་འབྲེལ་གྱི་བྱ་བའི་རྣམ་པ་འཚོལ་ཞིབ་བྱས་ཏེ། འགོག་བཅོས་ཚོད་འཛིན་བྱ་བའི་ལས་ཆོད་དང་ཁྱབ་ཚད། གྲུབ་འབྲས་བཅས་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་ཞིང་། འགོག་དགོས་པ་འགོག་པ་དང་བཅོ་དགོས་པ་བཅོས་ཐུབ་པར་བྱས། དེ་དང་མཉམ་དུ། འདེགས་སྐྱོར་འགན་སྲུང་ཇེ་དྲག་ཏུ་བཏང་བ་དང་། དྲིལ་སྒྲོག་གསབ་སྦྱོང་ལ་ཤུགས་བསྣན་ཞིང་། གཞི་རིམ་ལག་རྩལ་མི་སྣ་དང་ལས་ཡུལ་དང་པོའི་འགོག་བཅོས་རུ་མིར་དམིགས་ནས། ཞིང་བའི་ཆེད་མཁས་པ་དང་འབྲོག་ཁུལ་གྱི་ལག་རྩལ་བ་སྐྱེད་སྲིང་བྱས་ཏེ། ཉེ་འགྲམ་གྱི་ལག་རྩལ་བས་ཉེ་འགྲམ་གྱི་མིར་སློབ་ཁྲིད་བྱེད་པའི་དཔེ་སྟོན་སྐུལ་ཁྲིད་ནུས་པ་བཏོན། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།