མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12ཚེས8ཉིན། གསར་འགོད་པས“‘ལོ་ལྔའི་འཆར་གཞི་བཅུ་བཞི་པའི’འཕེལ་རྒྱས་གྲུབ་འབྲས”ཞེས་པའི་བརྗོད་བྱ་གཙོ་བོའི་གསར་འགྱུར་ཡོངས་སྒྲོག་ཚོགས་འདུ་རབ་དང་རིམ་པ་སྤེལ་ནས་ཞིང་ཆེན་ས་ཡོམ་ཅུའུ་ཡི་ཆེད་དོན་ཚོགས་འདུའི་སྟེང་རྒྱུས་་་ལོན་བྱུང་བ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱས་ཚུན་མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུའུ་ཡིས་འབྲེལ་ཡོད་སྡེ་ཚན་ཁག་དང་མཉམ་དུ་རང་འགན་རང་འཁུར་དང་རྒྱུན་མཐུད་ངང་ནུས་ཤུགས་བཏོན་ནས་ལྟེ་བའི་ལས་སྒོ་སྔར་བས་ཤུགས་བསྣན་པ་དང་། རང་ཞིང་གི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་།
ས་ཡོམ་ཚད་ལེན་སྔོན་དཔག་སྔོན་བརྡའི་ནུས་པ་མཐོར་འདེགས་གཏོང་བའི་ཐད། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་གནས་ཚུལ་མྱུར་བསྒྲགས་དང་སྔོན་བརྡའི་ལས་གཞིའི་མཚོ་སྔོན་གྱི་ཡན་ལག་ལས་གཞི་སོགས་ལས་གཞི་གཙོ་བོ་ལག་བསྟར་བྱས་པ་དང་། ས་ཚིགས་མི་འདྲ་བ576འཛུགས་སྐྲུན་བྱས་ཤིང་། ཟི་ལིང་ཉེ་འཁོར་ས་ཁུལ་གྱི་ས་ཡོམ་ཚད་ལེན་ནུས་པ་ཚད་རིམ1.0དང་། ཞིང་ཆེན་ཡོངས་ཀྱི་ཚད་ལེན་ནུས་པ་ཚད་རིམ2.5སླེབས་ཡོད། རྨ་ཆུའི་སྟོད་རྒྱུད་ཀྱི་སྐས་རིམ་རྣམ་པའི་ཆུ་གློག་ས་ཚིགས་ཀྱི་ཆེད་སྤྱོད་ས་ཡོམ་ཚད་ལེན་དྲ་སྟེགས་ཀྱི་ལག་རྩལ་རིམ་སྤོར་བྱས་པ་དང་། ཆུ་གློག་ས་ཚིགས་ཀྱི་གཙོ་གནད་ཁུལ་ཁོངས་ཀྱི་ས་ཡོམ་ཚད་ལེན་ནུས་པ་ཚད་རིམ0.5ལ་སླེབས་ཡོད། རྒྱལ་ཁབ་ཀྱི་ས་ཡོམ་བྱུང་ཚད་མྱུར་བསྒྲགས་དང་སྔོན་བརྡའི་ལས་གཞིའི་མཚོ་སྔོན་ཡན་ལག་ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཞིང་། ཆེད་སྤྱོད་མཇུག་སྣེ་ལ་བརྟེན་ནས་ལྕགས་ལམ་དང་གློག་ཤུགས། འགྲིམ་འགྲུལ་སོགས་གཙོ་གནད་སྡེ་ཁག18དང་། རྫོང་འཕྲལ་བསྟུན་ཅུའུ22དང་སློབ་གྲྭ58བཅས་ལ་ས་ཡོམ་སྔོན་བརྡའི་ཆ་འཕྲིན་ཞབས་ཞུ་འདོན་སྤྲོད་བྱས།
ས་ཡོམ་གནོད་འཚེའི་ཉེན་ཁ་འགོག་བཅོས་ཀྱི་ཐད་ནས། མཚོ་སྔོན་གྱིས་ས་ཡོམ་གནོད་འཚེའི་ཉེན་ཁ་ཁྱབ་བཤེར་དང་བེད་སྤྱོད་སྟེགས་བུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། ཡོམ་འགོག་སྔོན་འགོག་ཆ་འཕྲིན5000ལྷག་འཚོལ་སྡུད་བྱས་ཏེ། མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཡུལ་ཚོ་དང་ཀོན་ཐིན་གྲོང་རྡལ་བདེ་འགོད་ཁུལ་ཉེ་འཁོར་གྱི་ས་ཡོམ་བྱུང་སའི་ཞིབ་བཤེར་ཚད་ལེན་ཡོངས་འགྲུབ་བྱས། ཟི་ལིང་གྲོང་ཁྱེར་དང་གཏེར་ལེན་ཁ་གྲོང་ཁྱེར་གྱི་ས་ཡོམ་བྱུང་སའི་ཚད་ལེན་དང་ཉེན་ཁའི་རང་བཞིན་གྱི་གདེང་འཇོག་མཇུག་འབྲས་དེ་རྒྱལ་ཁོངས་བར་སྟོང་འཆར་འགོད་ཁྲོད་སྤྱོད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་།
འཕྲལ་བསྟུན་ཐག་གཅོད་ནུས་པ་བསྟུད་མར་ཇེ་དྲག་ཏུ་བཏང་བ་དང་། མཚོ་སྔོན་གྱིས་གོ་རིམ་ལྡན་པའི་ངང་རྨ་སྟོད་ཀྱི་ཚད་རིམ7.4ཡི་ས་ཡོམ་དང་ཅིས་ཧྲི་ཧྲན་གྱི་ཚད་རིམ6.2ཀྱི་ས་ཡོམ་སོགས་ས་ཡོམ་མང་པོ་ཐག་གཅོད་བྱས། སློབ་རའི་འཕྲལ་བསྟུན་སྦྱོང་བརྡར་གྱི་ཕན་འབྲས་མངོན་གསལ་ཡིན་ལ། རྨ་སྟོད་རྫོང་ལ་ཚད་རིམ7.4ཡི་ས་ཡོམ་བྱུང་སྐབས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གྲྭ137དང་། སློབ་མ་ཁྲི51679དང་དགེ་བཟོ་པ་4207བཅས་དུས་ལྟར་བདེ་འཇགས་ངང་ཁ་འགྲེམ་བྱས། ཅིས་ཧྲི་ཧྲན་ལ་ཚད་རིམ6.2ཀྱི་ས་ཡོམ་བྱུང་རྗེས། ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་རག་ཤི་མདོ་ཡུལ་ཚོའི་དམའ་འབྲིང་སློབ་མ270ཚང་མ་སྐར་མ3གྱི་ནང་བདེ་འཇགས་ངང་ཁ་འགྲེམ་བྱས་པས། སློབ་གསོ་རྣམ་པའི་འཕྲལ་བསྟུན་ཁ་འགྲེམ་བརྒྱུད་རིམ་དེ་སློབ་རའི་ས་ཡོམ་ཉེན་གཡོལ་གྱི་དཔེ་གཞི་ལེགས་ཤོས་སུ་བདམས།
སྤྱི་བའི་ཞབས་ཞུ་དང་སྤྱི་ཚོགས་བཅོས་སྐྱོང་མཉམ་དུ་རིམ་སྤོར་བྱས་ཤིང་། འཕྲལ་བསྟུན་དང་སློབ་གསོ། ཚན་རྩལ་མཐུན་ཚོགས་སོགས་སྡེ་ཁག་མཉམ་འབྲེལ་སྒོས་ས་ཡོམ་ཤེས་བྱ་ཁྱབ་གདལ་དང་ལག་རྡང་སྦྲེལ་ནས་མཉམ་བསྐྱོད་ཅེས་པའི་བརྗོད་དོན་བྱ་འགུལ་གཏིང་ཟབ་ངང་སྤེལ་ལ། ལོ་ལྔའི་རིང་ལ་ཤེས་བྱ་ཁྱབ་གདལ་གྱི་འཆད་ཁྲིད་ཐེངས་སྟོང1500ལྷག་རྩ་འཛུགས་བྱས་པ་དང་། འཕྲལ་བསྟུན་སྦྱོང་བརྡར་ཐེངས་སྟོང་གཅིག་ལྷག་ལ་མཛུབ་སྟོན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ས་ཡོམ་སྔོན་བརྡའི་དོ་དམ་བྱེད་ཐབས་དེ2023ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས། ལས་གཞི་གལ་ཆེན་གྱི་ཡོམ་འགོག་སྔོན་འགོག་ལྟ་སྐུལ་དོ་དམ་དེ་གཞན་དབང་ཁ་གཏད་འཇལ་བ་ནས་རང་འགུལ་སྔོན་བརྡ་གཏོང་བ་དང་། ཆ་ཤས་ཅན་གྱི་དོ་དམ་ནས་ཕྲེང་སྦྲེལ་ཡོངས་ལ་ཚུལ་སྒྱུར་བྱེད་པ་མངོན་འགྱུར་བྱུང་སྟེ ལས་གཞི་གལ་ཆེན་གྱི་ཡོམ་འགོག་སྔོན་འགོག་འགོག་སྲུང་ནུས་པ་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་།
ཚན་རྩལ་གསར་གཏོད་དང་འཇོན་མི་གསོ་སྐྱོང་གིས་བྱ་བར་སྟོབས་ནུས་བསྩལ་ཞིང་། རང་ཞིང་གིས་ས་ཡོམ་རྨང་གཞིའི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་བསྣན་ནས། ཞིང་ཆེན་ཚན་རྩལ་ཐིན་གྱི་ཚན་ཞིབ་ལས་གཞི་དྲུག་དང་། ཀྲུང་གོའི་ས་ཡོམ་ཅུའུ་ཡི་སྐར་མེའི་འཆར་འགོད3། ཟུང་འབྲེལ་གསུམ་གྱི་ཞིབ་འཇུག་བྱ་གཞི8བཅས་ལ་ཆོག་མཆན་ཐོབ་པ་དང་། ས་ཡོམ་ཚད་རྩལ་ཐད་མ་དངུལ་གཏོང་ཁྲི500ལྷག་བཏང་ཞིང་། ལས་གཞིའི་ཁ་གྲངས་དང་རོགས་སྐྱོར་མ་དངུལ་དེ“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་སྐབས་དང་བསྡུར་ན་སོ་སོར54%དང103%འཕར་ཡོད།