རྒྱལ་ཁབ་ཀྱི་ཚད་གཞི་གསར་པའི་གློག་སྒུལ་རྐང་འཁོར་ལ་དོ་ཁུར་བྱེད་པར། བཟོ་ལས་ཆ་འཕྲིན་པུའུ་ཡིས་ལན་བཏབ།

ཡོང་ཁུངས། མི་དམངས་དྲ་བ།

 

     བཟོ་ལས་དང་ཆ་འཕྲིན་ཅན་པུའུ་འཛད་རྫས་བཟོ་ལས་སིས་ལས་རིགས་ཁེ་ལས་ལ་ཚད་གཞི་གསར་པ་ལག་བསྟར་ཡང་དག་བྱ་རྒྱུ་དང་། རྒྱུན་ཆད་མེད་པར་ཇུས་འགོད་ཇུས་གཞི་ལེགས་སུ་བཏང་ནས་འཛད་སྤྱོད་པའི་བློ་ཡིད་ཚིམ་པའི་གློག་སྒུལ་རྐང་འཁོར་གྱི་ཐོན་རྫས་གསར་པ་ཐོན་སྐྱེད་མགྱོགས་སུ་གཏོང་རྒྱུར་མཛུབ་ཁྲིད་བྱས།

     གློག་སྒུལ་རྐང་འཁོར་གྱི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་《གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ལག་རྩལ་ཚད་གཞི།》(GB 17761-2024)ལག་བསྟར་བྱེད་པའི་བར་བརྒལ་དུས་ཡུན་2025ལོའི་ཟླ་11ཚེས་30ཉིན་དངོས་སུ་མཇུག་རྫོགས། ཚད་གཞི་གསར་པ་དང་མཐུན་པའི་གློག་སྒུལ་རྐང་འཁོར་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་རར་འདོན་བཞིན་ཡོད། ཐོན་རྫས་གསར་པ་ཁ་ཤས་ཀྱི་སྒ་སྟེགས་དང་། ཕྱི་བལྟས་མེ་ལོང་སོགས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པའི་དོན་དངོས་ཀྱི་དགོས་མཁོ་སྐོང་ཐུབ་མེད་པ་དེས་རྒྱ་ཆེའི་དོ་ཁུར་བྱུང་ཡོད། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་འཛད་རྫས་བཟོ་ལས་སིའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་གནད་དོན་དེའི་ཐད་གསར་འགོད་པའི་དྲི་བར་ལན་བཏབ།

     འཛད་རྫས་བཟོ་ལས་སིའི་འབྲེལ་ཡོད་འགན་འཁུར་མཁན་བློ་མཐུན་གྱིས་ཚད་གཞི་གསར་པར་བཟོ་བཅོས་རྒྱག་རྒྱུའི་དམིགས་ཡུལ་ནི་མུ་ཕྲེང་ཡོངས་ནས་གློག་སྒུལ་རྐང་འཁོར་ལ་མེ་སྐྱོན་དང་འགྲིམ་འགྲུལ་དོན་རྐྱེན་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཉུང་དུ་གཏོང་བ་དང་མེད་པར་བཟོ་བ་དང་འབྲེལ། ནུས་པའི་དངོས་སྤྱོད་རང་བཞིན་དང་། ཐོན་རྫས་ཀྱི་སྣ་མང་རང་བཞིན།

     ཁ་ལོ་སྒྱུར་དུས་ཀྱི་སྡོད་བདེ་རང་བཞིན་དང་། བེད་སྤྱོད་སྟབས་བདེ་རང་བཞིན་བཅས་དུས་མཉམ་དུ་ཆེ་རུ་གཏོང་རྒྱུ་དེ་ཡིན་ཞེས་བཤད་པ་རེད། མིག་སྔར་རྒྱལ་ཡོངས་ཀྱི་ཁེ་ལས་100ལྷག་ཙམ་གྱི་འཁོར་རིགས་600ལྷག་ཙམ་CCCཀྱི་ཁས་ལེན་བྱས་པ་དང་། གཅིག་རྗེས་གཉིས་མཐུད་ཀྱིས་ཁྲོམ་རར་འདོན་བཞིན་ཡོད་པ་དང་མང་ཆེ་བས་འཛད་སྤྱོད་པའི་བེད་སྤྱོད་ཀྱི་དགོས་མཁོ་ཡག་པོ་སྐོང་ཐུབ་ཀྱི་ཡོད་པ་རེད།

     འོན་ཀྱང་ཁེ་ལས་ཁ་ཤས་ཀྱིས་ཚད་གཞི་གསར་པ་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་གོ་བ་ལེན་ཕྱོགས་ཆ་ཚང་དང་ཡང་དག་མ་བྱུང་བ་དང་། ལྷག་པར་དུ་ཐོན་རྫས་ཇུས་འགོད་བྱེད་པའི་བརྒྱུད་རིམ་ནང་འཛད་སྤྱོད་པའི་དགོས་མཁོ་དངོས་ལ་བསམ་གཞིགས་གང་ལེགས་བྱས་མེད་པ་དང་བེད་སྤྱོད་མྱོང་བ་ཡང་མི་གཤིས་ཅན་ཞིག་མིན་པས། ཐོན་སྐྱེད་བྱས་པའི་འཁོར་རིགས་ལ་སྐྱོན་གང་མང་ཐོན་ཀྱི་ཡོད་པ་དེ་ནི་ལས་རིགས་ཀྱི་ཡོངས་ཁྱབ་ཀྱི་སྣང་ཚུལ་ཞིག་མིན། དེའི་ཐད་འཛད་རྫས་བཟོ་ལས་སིས་འབྲེལ་ཡོད་ཁེ་ལས་ལ་ཐོན་རྫས་ཇུས་འགོད་ཇུས་གཞི་ལེགས་སུ་གཏོང་རྒྱུར་དམ་འཛིན་བྱས་ནས་འཛད་སྤྱོད་པའི་བློ་ཡིད་ཚིམ་པའི་གློག་སྒུལ་རྐང་འཁོར་ཐོན་རྫས་ཐོན་སྐྱེད་མགྱོགས་སུ་བྱ་རྒྱུའི་མཛུབ་ཁྲིད་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་ཀྲུང་གོའི་རྐང་འཁོར་མཐུན་ཚོགས་ཀྱིས་ལས་རིགས་ཀྱི་རང་གཅུན་ལ་སྔར་བས་ཤུགས་རྒྱག་པ་དང་ཚད་གཞི་གསར་པ་དྲིལ་བསྒྲགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ཁོངས་མིའི་ཁེ་ལས་སྒྲིག་འཛུགས་བྱས་ནས་ཚད་གཞི་གསར་པ་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

     གོམ་སྟབས་རྗེས་མར་འཛད་རྫས་བཟོ་ལས་སིས་རྒྱ་ཆེའི་འཛད་སྤྱོད་པས་གློག་སྒུལ་རྐང་འཁོར་ཐོན་རྫས་ལ་བཏོན་པའི་བསམ་འཆར་དང་གྲོས་འགོར་མུ་མཐུད་དོ་ཁུར་དམ་ཟབ་བྱས་ཏེ། གློག་སྒུལ་རྐང་འཁོར་ཐོན་སྐྱེད་ཁེ་ལས་ཀྱིས་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཇུས་འགོད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཚད་གཞི་གསར་པའི་འཁོར་རིགས་ཁྲོམ་རར་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་པའི་འགྲོ་སྐྱོད་དགོས་མཁོ་དེ་བས་ལེགས་པར་སྐོང་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།