མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་ཆེད་དོན་མ་དངུལ་དུང་ཕྱུར4ལག་བསྟར་བྱས་ནས་གཞི་རིམ་སྨན་བཅོས་ཞབས་ཞུའི་དྲ་བ་སྲ་བརྟན་དུ་བཏང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12ཚེས4ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གོང་སྤེལ་བཅོས་སྒྱུར་ཨུ་ལྷན་ནས་ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་ལས་ཀུན་གྱི་སྙིང་བོར་བཟུང་ཞིང་། གཞི་རིམ་མང་ཚོགས་ཀྱིས“ནད་ལ་སྟོན་དཀའ་བ་དང་། གོང་མཐོ་བ།  ཐག་རིང་བ”བཅས་ཀྱི་གནད་དོན་དམིགས་སུ་བཟུང་སྟེ།  ཀྲུང་དབྱང་གི་ཆེད་དོན་མ་དངུལ་དུང་ཕྱུར4ལག་བསྟར་བྱས་ཏེ།  སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་སྲ་བརྟན་གཏང་བའི་ལས་གཞི་དང་རྫོང་ཁོངས་སྨན་བཅོས་མཉམ་འཛུགས་ལམ་ལུགས་ཀྱི་སྨན་བཅོས་སྒྲིག་ཆས་གསར་བརྗེ་དང་།  སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་གཞི་རིམ་དུ་རྒྱ་བསྐྱེད་པར་སྐུལ་འདེད། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི་ཆད་པ་ནུས་རྒུས་ཁ་གསབ་བཅས་བྱས་ནས“ནད་ཆུང་ངུ་གྲོང་ཁྱེར་དང་རྫོང་དུ་མི་བརྒལ་བ་དང་། རྒྱུན་འབྱམས་ཀྱི་ནད་གཞི་རིམ་ནས་ཐག་གཅོད”བྱེད་པའི་དམིགས་འབེན་མངོན་འགྱུར་ལ་སྐུལ་འདེད་བཏང་། 

རྫོང་ཁོངས་ཀྱི་སྨན་བཅོས་ཐོན་ཁུངས་དོ་མི་མཉམ་པ་དང་། ཞིབ་བཤེར་མཇུག་འབྲས་ངོས་འཛིན་བྱེད་དཀའ་བ།  སྨན་རྫས་དོ་དམ་སྙོམ་སྒྲིག་ཚད་ལྡན་མིན་པ་ལ་སོགས་ཀྱི་གནད་དོན་ལ་དམིགས་ཏེ།  ཀྲུང་དབྱང་གི་ཆེད་དོན་མ་དངུལ་དུང་ཕྱུར1ལག་བསྟར་བྱས་ཏེ།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་ཧུའེ་རིགས་རང་སྐྱོང་རྫོང་གི་སྨན་བཅོས་འཕྲོད་བསྟེན་གྱི་རྨང་བརྟན་ལས་གཞི་སྔོན་ལ་ལག་བསྟར་བྱས་པ་དང་།  རྫོང་ཁོངས་ཐོན་ཁུངས་མཉམ་སྤྱོད་ལྟེ་གནས་དང་ལྟེ་གནས་སྨན་ཉར་ཁང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་རྫོང་རིམ་པའི་སྨན་ཁང་དང་ཡུལ་ཚོ་དང་གྲོང་རྡལ་རིམ་པའི་འཕྲོད་བསྟེན་ཁང་གི་རིམ་པ་མཐོར་འདེགས་ལ་སྐུལ་འདེད་བཏང་།   དགོས་ངེས་ཀྱི་སྨན་བཅོས་སྒྲིག་ཆས་དང་ཆ་འཕྲིན་ཅན་གྱི་མ་ལག་བསྒྲིགས་ཏེ། “གཞི་རིམ་དུ་ཞིབ་བཤེར་དང་། གོང་རིམ་གྱིས་བརྟག་དཔྱད།  མཇུག་འབྲས་གཉིས་ཀ་ནས་ངོས་འཛིན”བྱེད་པའི་མཉམ་ལས་སྒྲིག་སྲོལ་ཆགས་པ་དང་།  གཞི་རིམ་དཔྱད་བཅོས་ཀྱི་སྤུས་ཀ་དང་ཕན་འབྲས་ཟུང་མཐོར་འདེགས་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱིས་ཐག་ཉེ་ས་ནས་སྨན་བཅོས་ཐུབ་པར་འདྲ་མཉམ་ཡིན་ལ།   མ་ལག་འབྲེལ་བ།  སྤུས་ལེགས་ཤིང་ཕན་འབྲས་བཟང་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱས།

  རྫོང་ཁོངས་ཀྱི་འབྲས་སྐྲུན་འགོག་བཅོས་དང་གཅོང་ནད་དོ་དམ་ལ་སོགས་ཀྱི་ནད་ཐོག་ཞབས་ཞུའི་དགོས་མཁོ་གཅིག་གྱུར་འཆར་འགོད་བྱས་པ་སྟེ།   ད་ཡོད་ཀྱི་སྒྲིག་ཆས་རྙིང་ཧྲུལ་དང་ལག་རྩལ་རྙིང་བ།   འཇོན་མིའི་མི་འདང་བ་ལ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཀྲུང་དབྱང་གི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར3བཏང་སྟེ།   ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ43(རྫོང་རིམ་པའི་སྨན་ཁང་། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། )གྱི་སྨན་བཅོས་སྒྲིག་ཆས(ཆ་ཚང)529གསར་བར་བརྗེ།    གསོ་རིག་ཞིབ་བཤེར་ལེགས་སྒྱུར་དང་སྙིང་གློག་བརྟད་དཔྱད་ལ་སོགས་ཐོན་ཁུངས་ཀྱི་མཉམ་སྤྱོད་ལྟེ་གནས་ཀྱི་སྒྲིག་ཆས་ལེགས་སྒྱུར་བྱས་པ་དང་།   མྱུར་བསྟེན་དང་ནད་གཞི་ལྕི་རིགས།  ནད་གསོ་ལ་སོགས་ཆེད་ཚན་འཛུགས་སྐྲུན་བྱས་ཏེ།    རྒྱུན་མཐོང་གི་ནད་དང་། རྒྱུན་འབྱུང་གི་ནད།  སྔོན་འགོག་བདེ་སྲུང་།  ནད་གསོ་བདག་སྐྱོང་།  ཀྲུང་བོད་སྨན་རྫས་བཅས་ཀྱི་བདེ་ཐང་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་པས།   རིམ་དབྱེ་དཔྱད་བཅོས་ལམ་ལུགས་འཛུགས་སྐྲུན་ལ་སྔོན་ཐོན་སྒྲིག་ཆས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས།

ཞིང་ཆེན་བཅོས་སྒྱུར་གོང་སྤེལ་ཨུ་ལྷན་གྱིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་དུ་ལས་གཞི་གཉེར་མཁན་གྱི་ལས་ཁུངས་ཀྱིས་མྱུར་དུ་སྔོན་འགྲོའི་ཆ་རྐྱེན་འཐུས་ཚང་དུ་བཏང་སྟེ།  ལས་གཞི་ལག་བསྟར་གྱི་ཚད་ཇེ་མགྱོགས་སུ་བཏང་ནས་མ་དངུལ་གཏོང་འཇོག་གི་ཕན་འབྲས་མགྱོགས་པོར་འདོན་སྤེལ་བྱ་དགོས་པའི་ཕྱོགས་ལ་ཁྲིད་སྟོན་བྱས།   དེ་དང་ཆབས་ཅིག  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཀྲུང་དབྱང་མ་དངུལ་གྱི་ཁ་ཕྱོགས་དང་།  གཞི་རིམ་སྨན་བཅོས་ཞབས་ཞུ་འཐུས་ཚང་དུ་གཏང་བའི་འཛུགས་སྐྲུན་སྤྱིའི་ཇུས་གཞི་ལ་དམ་པོར་གཞིགས་ཏེ།  གཞི་རིམ་འཕྲོད་བསྟེན་གྱི་ལས་གཞི་ཇུས་འགོད་དང་གྲབས་གསོག་གནད་ལ་ཁེལ་བ་བྱ་རྒྱུ་མ་ཟད།  རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་ཕུལ་བའི་སྙན་ཞུ་དང་འབྲེལ་ནས་མ་དངུལ་མང་པོས་རྒྱབ་སྐྱོར་ལ་བརྩོན་ལེན་ཧུར་ཐག་བྱས་ནས་མང་ཚོགས་སྔར་ལས་མང་པོས་རང་ཁྱིམ་གྱི་སྒོ་ཁར“ནད་སྟོན་ཐུབ་པ་དང་། ནད་བཅོས་ཐུབ་པའི”ཞབས་ཞུ་མཁོ་འདོན་བྱ་གྲབས་ཡོད། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།