ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ད་ལོར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལ་དམ་པོར་དམིགས་ཤིང་། གཞི་རིམ་མང་ཚོགས་ཀྱིས་སྨན་བཅོས་བྱེད་དཀའ་བ་དང་སྨན་བཅོས་འགྲོ་སོང་མཐོ་བ། སྨན་བཅོས་བྱེད་སའི་བར་ཐག་རིང་བ་བཅས་ཀྱི་གནད་དོན་ལ་གཞིགས་ནས། ཀྲུང་དབྱང་གི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་བཞི་དངོས་འབེབས་བྱས་ལ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་རྨང་བརྟན་ལས་གཞི་དང་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པའི་སྨན་བཅོས་སྒྲིག་ཆས་གསར་སྒྱུར་ལས་གཞི་ལག་བསྟར་བྱས་ཤིང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི་ཞན་ས་བསྐངས་པ་དང་། ནད་གཞི་ཆུང་ན་གྲོང་ཁྱེར་དང་རྫོང་ལས་བརྒལ་མི་དགོས་ཤིང་། རྒྱུན་ལྡན་ནད་རིགས་གཞི་རིམ་དུ་ཐག་གཅོད་ཐུབ་པའི་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་།
རྫོང་ཁོངས་ཀྱི་སྨན་བཅོས་ཐོན་ཁུངས་དོ་སྙོམས་མིན་པ་དང་ཚད་ལེན་མཇུག་འབྲས་ཁས་ལེན་དཀའ་བ། སྨན་རྫས་དོ་དམ་སྙོམས་སྒྲིག་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཀྲུང་དབྱང་གི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་གཅིག་དངོས་འབེབས་བྱས་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་སྨན་བཅོས་འཕྲོད་བསྟེན་གྱི་རྨང་བརྟན་ལས་གཞི་སྔོན་ལ་ལག་བསྟར་བྱས་ཏེ། རྫོང་ཁོངས་ཀྱི་ཐོན་ཁུངས་མཉམ་སྤྱོད་ལྟེ་གནས་དང་ལྟེ་བའི་སྨན་ཁང་གི་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། རྫོང་རིམ་པའི་སྨན་ཁང་དང་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་བཏང་ཞིང་། ངེས་མཁོའི་སྨན་བཅོས་སྒྲིག་ཆས་དང་ཆ་འཕྲིན་ཅན་གྱི་མ་ལག་སྒྲིག་སྦྱོར་བྱས་ཏེ། གཞི་རིམ་གྱིས་ཞིབ་བཤེར་དང་གོང་རིམ་གྱིས་བརྟག་དཔྱད། མཇུག་འབྲས་ཁས་ལེན་བཅས་ཀྱི་མཐུན་སྦྱོར་རྐྱེན་སྲོལ་ཆགས་པ་དང་། གཞི་རིམ་སྨན་བཅོས་ཀྱི་སྤུས་ཚད་ཇེ་ལེགས་དང་ལས་ཆོད་ཇེ་མཐོར་འགྲོ་བར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱིས་ཁྱིམ་དང་ཐག་ཉེ་ས་དང་སྟབས་བདེའི་ངང་འདྲ་མཉམ་དྲང་སྙོམས་དང་མ་ལག་རྒྱུན་མཐུད། སྤུས་ལེགས་ནུས་མཐོ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས།
རྫོང་ཁོངས་ཀྱི་སྐྲན་ནད་འགོག་བཅོས་དང་དལ་བའི་ནད་དོ་དམ་སོགས་ཀྱི་ནད་ཐོག་ཞབས་ཞུའི་དགོས་མཁོ་གཅིག་འདོམས་བྱས་ཤིང་། ད་ཡོད་སྒྲིག་ཆས་རྙིང་བར་གྱུར་བ་དང་ལག་རྩལ་རྗེས་ལུས་ཡིན་པ། འཇོན་མི་དཀོན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཀྲུང་དབྱང་གི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་གསུམ་དངོས་འབེབས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་ཞེ་གསུམ་གྱི་སྨན་བཅོས་སྒྲིག་ཆས་ལྔ་བརྒྱ་ཉེར་དགུ་གསར་སྒྱུར་ལ་རྒྱབ་སྐྱོར་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྨན་བཅོས་ཚད་ལེན་དང་སྙིང་གློག་བརྟག་དཔྱད་སོགས་ཐོན་ཁུངས་མཉམ་སྤྱོད་ལྟེ་གནས་ཀྱི་སྒྲིག་ཆས་བཀོད་སྒྲིག་ལེགས་སྒྱུར་བྱས་ཤིང་། མྱུར་སྐྱོབ་དང་ནད་ལྕི་མོ། ཁམས་གསོ་སོགས་ཆེད་ཚན་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་ལ། རྒྱུན་མཐོང་ནད་དང་འབྱུང་སླའི་ནད་ཀྱི་སྨན་བཅོས་དང་། སྔོན་འགོག་བདེ་སྲུང་། ཁམས་གསོའི་བདག་སྐྱོང་། ཀྲུང་བོད་ལུགས་སྨན་བཅོས་བདེ་ཐང་ཞབས་ཞུ་བཅས་ཀྱི་ནུས་པ་མཐོར་འདེགས་བཏང་ནས། རིམ་དབྱེའི་སྨན་བཅོས་ལམ་ལུགས་འཛུགས་སྐྲུན་ཐད་སྔོན་ཐོན་སྒྲིག་ཆས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས།
ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་མཉམ་དུ། ལས་གཞིའི་སྡེ་ཁག་གིས་སྔོན་བཀོད་བདག་རྐྱེན་འཐུས་ཚང་དུ་གཏོང་བར་མཛུབ་སྟོན་བྱེད་པ་དང་། ལས་གཞི་ལག་བསྟར་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། དངུལ་གཏོང་ཕན་འབྲས་མགྱོགས་མྱུར་ངང་འདོན་སྤེལ་བྱ་རྒྱུ་རེད། དེ་དང་མཉམ་དུ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ཀྲུང་དབྱང་མ་དངུལ་གཏོང་ཕྱོགས་ལ་དམིགས་ནས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤྱིའི་འཛུགས་སྐྲུན་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་འཕྲོད་བསྟེན་ལས་གཞིར་གནད་འཁེལ་འཆར་འགོད་གསོག་འཇོག་བྱེད་པར་མ་ཟད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཡར་ཞུ་སྦྲེལ་མཐུད་བྱེད་ཚད་བསྟུད་མར་ཇེ་ཆེར་གཏོང་བ་དང་། སྔར་ལས་མང་བའི་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། མང་ཚོགས་སྔར་ལས་མང་པོས་ཁྱིམ་གྱི་སྒོ་ཁ་ནས་ནད་ལ་བལྟ་ཐུབ་པ་དང་སྨན་བཅོས་ལེགས་པོ་ཐོབ་པར་བྱ་རྒྱུ་རེད།