མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས5ཉིན། གསར་འགོད་པས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་གྲུབ་འབྲས་དང་མུ་འབྲེལ་བརྗོད་བྱ་གཙོ་བོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཞིང་ཆེན་གྱི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་གྱི་ཆེད་དོན་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་གཉིས་བཀུར་བྱ་བར་གྲུབ་འབྲས་སྔར་ལས་བཟང་པོ་བླངས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དགུ་ལ་སྐབས་དང་པོའི་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ་དང་། གཟེངས་བསྟོད་ཐོབ་པའི་གྲངས་ཀ་སྐབས་སྔོན་མ་ལས་གཉིས་འཕར་ཡོད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་བརྒྱད་ལ་ཡོངས་སུ་ཁེབས། དེའི་ཁྲོད། ཟི་ལིང་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར་ལ་ཐེངས་དགུ་པ་དང་ཐེངས་བཅུ་པར་གཟེངས་བསྟོད་ཐོབ་པ་དང་། གཉིས་བཀུར་མཉམ་འཛུགས་ཀྱི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་མུ་མཐུད་དུ་རྒྱ་ཆེར་ཕྱིན་ཡོད།
གསར་འཛུགས་བྱ་འགུལ་བྱེད་ཐབས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། གཉིས་བཀུར་བྱ་བ་གཏིང་ཟབ་དང་དོན་དངོས་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་དམག་ཁུལ་བཅས་ཀྱིས་ད་ལོའི“བརྒྱད་གཅིག”སྔ་ནུབ་ཏུ་གཉིས་བཀུར་དཔེ་སྟོན་ལས་ཁུངས50དང་དཔེ་སྟོན་མི་སྒེར49ལ་གཅིག་བསྡུས་སྒོས་གཟེངས་བསྟོད་བྱས། ཟི་ལིང་དང་མཚོ་ལྷོ། མཚོ་བྱང་། ཡུས་ཧྲུའུ། ན་གོར་མོ་སོགས་སུ“གྲོང་ཁྱེར་དང་དམག་གྲུ་མཉམ་སྐྲུན”གྱི་གསར་སྐྲུན་བྱ་བ་སྤེལ་བ་དང་། མཚོ་དམག་གི་དམག་གྲུ་དམག་དཔུང་དང་ཕན་ཚུན་འཚམས་འདྲི་རོགས་རམ་གྱི་རྐྱེན་སྲོལ་བཙུགས་ནས་ཁྱད་ཆོས་ལྡན་པའི་གཉིས་བཀུར་གྱི་ཟོང་རྟགས་བསྐྲུན།
དམག་དཔུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཐད་ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པ་གསུམ་གྱི་ཏང་ཨུ་དང་སྲིད་གཞུང་གིས་དུས་ལྟར་དམག་དོན་གྲོས་མོལ་ཚོགས་འདུ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ནུས་ཤུགས་ཡོད་རྒུས་དཔོན་དམག་གི་གནད་དོན་གསུམ་ཐག་གཅོད་བྱས་ནས། དམག་མིའི་ཁྱིམ་མི་དང་བུ་ཕྲུག་སློབ་གྲྭར་ཞུགས་པ་སོགས་དངོས་ཡོད་ཀྱི་དཀའ་ངལ་ཁག་གཅིག་ཐག་གཅོད་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་ཡོད། འཚམས་འདྲི་བྱེད་པ་རྒྱུན་རྣམ་ཅན་དུ་གྱུར་ནས་ལོ་ལྔའི་རིང་རིམ་རྩིས་བྱས་ན་འཚམས་འདྲི་ཐེངས520བྱས་པ་དང་། རིན་ཐང་སྒོར་བྱེ་བ་གསུམ་ལྷག་གི་འཚམས་འདྲིའི་དངོས་རྫས་བྱིན།
མཚོ་སྔོན་དུ་སྡོད་པའི་དཔུང་སྡེ་ས་གནས་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ནས། ཉེན་སེལ་རྒུད་སྐྱོབ་ཁྲོད་དཔོན་དམག་མི་ཐེངས་ཁྲི་གཅིག་དང་སྟོང་ལྔ་ལྷག་ཞུགས་པ་དང་། སྡེ་བ48ལ་དམིགས་འཛུགས་རོགས་རམ་བྱས་ཏེ་སློབ་གྲྭ་འབྲིང་ཆུང62ལ་ཁ་གཏད་རོགས་སྐྱོར་བྱས། ཞིང་ཆེན་ཡོངས་ཀྱི“ལྟེ་གནས་གཅིག་དང་རྐང་རྟེན་ལྔའི”དམག་དཔུང་ལ་མཁོ་སྤྲོད་འགན་སྲུང་མ་ལག་གསར་དུ་བཙུགས་ནས། དམག་དཔུང་གི་དམག་སྦྱོང་གྲ་སྒྲིག་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ཏེ། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དུ་བཏང་།