ཟི་ལིང་དུ་མ་དངུལ་དུང་ཕྱུར་བརྒྱ་རིམ་པའི་ལས་གཞི་བསྐྲུན་འཆར་ཡོད་ལ། དེས་མི་སྟོང་ཕྲག་ལས་བརྒལ་བའི་ལས་ཞུགས་ཐག་གཅོད་བྱ་ཐུབ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཟླ12ཚེས7ཉིན་ཟི་ལིང་(རྒྱལ་ཁབ་རིམ་པའི)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནས་གཏམ་བཟང་ཞིག་བསྒྲགས་འོང་བ་སྟེ། མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བ་གཏོང་བའི་ནུས་གསོག་ཐོན་ལས་ཀྱི་ལས་གཞི་ཆེ་གྲས་ཤིག་ལ་བདེ་བླག་ངང་གྲོས་ཆིངས་བཞག་ཅིང་། ཟི་ལིང་གསར་སྤེལ་ཁུལ་ནུས་གསོག་ཁྱབ་ཁོངས་སུ་སྤོས་པའི་གོམ་པ་གལ་ཆེན་མཚོན།  ལས་གཞི་དེས་ནུས་གསོག་མ་ལག་བསྡུ་སྒྲིལ་དང་།  ལྟེ་བའི་ལྷུ་ལག་བཟོ་སྐྲུན། གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་བཅས་ལ་དམིགས་ཡོད་ཅིང་།  སྔོན་དཔག་བྱས་ན་ལེགས་པར་གྲུབ་རྗེས་ཆུ་ཚོད་རེར་ཅི་ཝ(GWh)ཅན་གྱི་ནུས་གསོག་འདུས་གྲུབ་ཐོན་སྐྱེད་ཀྱི་ནུས་པ་ལྡན།  ཐད་ཀར་མི་སྟོང་ཕྲག་ལྷག་གི་ལས་ཞུགས་ཐག་གཅོད་ཐུབ་པ་དང་། ཐོན་སྐྱེས་བྱས་རྗེས་ལོའི་ཐོན་སྐྱེད་ཀྱི་ཐོན་རྫས་རིན་ཐང་དེ་སྒོར་དུང་ཕྱུར་བརྒྱ་བསླེབ་པའི་རེ་བ་ཡོད། 

ཟི་ལིང་གསར་སྤེལ་ཁུལ་གྱིས་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་འོད་ཧྥུ་དང་། རླུང་གློག་ལ་སོགས་ནུས་ཁུངས་གཙང་མའི་ཐོན་ཁུངས་དང་། ལོ་དུ་མར་བསགས་པའི་ལིས་གློག་རྒྱུ་ཆ་དང་། ནུས་ཁུངས་གསར་པའི་སྒྲིག་ཆས་བཟོ་སྐྲུན་ལ་སོགས་ཐོན་ལས་ཀྱི་དགེ་མཚན་ལ་གཞི་བཅོལ་ཏེ།  ནུས་གསོག་ཐོན་ལས་དེ་ནུས་ཁུངས་གཙང་མའི་ཐོན་ཁུངས་ཀྱི་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་འབྲེལ་ཐག་གལ་ཆེན་དུ་བརྩིས།   ཐེངས་འདིའི་གྲོས་ཆིངས་བཞག་པའི་ནུས་གསོག་ལས་གཞི་དེས་ས་ཁོངས་ཀྱི་ནུས་གསོག་ལས་རྩེ་རིམ་བཟོ་སྐྲུན་གྱི་སྟོང་ཆ་བསྐང་ཐུབ་པར་མ་ཟད།  གོང་འོག་གི་ཐོན་ལས་གཅིག་འདུས་གོང་སྤེལ་ལ་སྐུལ་ཁྲིད་ཐུབ་པས་ཐོན་ལས་འབྲེལ་ཐག་དམ་པོ་ཞིག་ཆགས་ནས་ས་ཁོངས་ཀྱི་དཔལ་འབྱོར་འཕར་སྣོན་ལ་རམ་འདེགས་བརྟན་པོ་ཞིག་འདོན་སྤྲོད་བྱ་རྒྱུ་རེད།

  ནུས་གསོག་བཀོལ་སྤྱོད་ཕྱོགས་ནས་ཟི་ལིང་གསར་སྤེལ་ཁུལ་གྱིས“ཚོད་ལྟ་སྔོན་སྤེལ་དང་གཞི་ཁྱོན་ཅན་གྱི་ཁྱབ་གདལ”གཏང་བའི་ཇུས་ཐབས་རྒྱུན་འཁྱོངས་བྱས་ཏེ།  ཐེག་ཚད་གཞོགས་ངོས་ཀྱི་ནུས་གསོག་བཀོལ་སྤྱོད་བྱ་ཡུལ་གྱི་ཕྱོགས་ནས་ཐོད་བརྒལ་དུ་མ་བྱུང་།  ལི་ཧའོ(丽豪)1.2ཅི་ཝ(吉瓦)ཐེག་ཚད་གཞོགས་ཀྱི་ནུས་གསོག་ལས་གཞི་དེ་ཞིང་ཆེན་ཡོུངས་ཀྱི་ནུས་གསོག་དཔེ་སྟོན་ལས་གཞི་གསར་གྲས་སུ་བརྩིས་ཏེ།  གང་མགྱོགས་ཅི་མགྱོགས་ཀྱིས་སྒྲུབ་རུང་བར་ཞིབ་འཇུག་བྱེད་སྒང་ན་ཡོད།  དེ་དང་ཆབས་ཅིག  རྨ་ཆུ་ཞིན་དབྱི(鑫业)ལ་སོགས་ཁེ་ལས་ཀྱིས་སྤོ་འགུལ་རྣམ་པའི་ནུས་གསོག་རླངས་འཁོར་མ་ལག་སྔོན་ལ་བཀོལ་སྤྱོད་བྱས་ནས་ནུས་ཁུངས་བེད་སྤྱོད་ཀྱི་ཕན་ཕྱོད་དང་གློག་འདོན་གྱི་གཏན་འཇགས་རང་བཞིན་ནུས་ལྡན་གྱིས་ཇེ་མཐོར་བཏང་།ཟི་ལིང་གསར་སྤེལ་ཁུལ་གྱིས་ད་དུང་འོད་གསོག་མཉམ་སྤེལ་ལ་སྐུལ་འདེད་ཧུར་ཐག་བྱས་ཏེ།  ཁེ་ལས་ཀྱིས་བཟོ་ཁང་གི་ཁང་ཐོག་ལ་སོགས་ཐོན་ཁུངས་བེད་སྤྱད་དེ་འོད་ཧྥུ་ཁྱབ་འཛུགས་ཀྱི་ལས་གཞི་བསྐྲུན་པར་ཡར་སྐུལ་བྱས་པ་མ་ཟད།  ནུས་གསོག་མ་ལག་གི་ལྷུ་ལག་ཆ་ཚང་ཡང་བསྒྲིགས།
  ད་ལོ་ནས་བཟུང་།  ཀའི་ཅིན་ཉི་ནུས་དང་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་གཞི་གྲངས་ཆེན་པོའི་རྟེན་གཞི་ལ་སོགས་ཁེ་ལས་ཀྱི་འོད་ཧྥུ་ཁྱབ་འཛུགས་ལས་གཞི་ལ་སྦྲེལ་ཏེ་གཅིག་འཕྲོར་གཅིག་དྲ་བར་སྦྲེལ་པས།   ལོའི་གློག་འདོན་གྱི་གྲངས་འབོར་ཇེ་མང་དུ་ཕྱིན་པ་ང་། དབྱིང་གཉིས་ཐུན་འགྱུར་འབུད་སྐྱར་ཇེ་ཉུང་དུ་ཕྱིན་པ་མངོན་གསལ་རེད།

ཐོན་ལས་སྦྲེལ་ཐག་གི་ལྷུ་ལག་ཆ་ཚང་སྔར་ལས་བརྟན་པོ་ཡོང་ཆེད།  ཟི་ལིང་གསར་སྤེལ་ཁུལ་ཀན་ཧི་གླིང་ཁུལ་གྱིས་སོལ་གློག་གི་ལས་གཞི་ཆ་ཚང་འཛུགས་སྐྲུན་ལ་ནུས་རྒུས་སྐུལ་འདེད་གཏོང་བཞིན་ཡོད་དེ།  “ནུས་ཁུངས་གཙང་མ+ནུས་གསོག+གློག་ཁུངས་སྙོམ་སྒྲིག”གི་ནུས་ཁུངས་སྣ་མང་འགན་སྲུང་གི་མ་ལག་བསྐྲུན།  ལས་གཞི་དེ་ལག་བསྟར་བྱས་རྗེས།  ནུས་ཁུངས་གཙང་མའི་གློག་འདོན་ཁྲོད་ཀྱི“རླུང་བསྐྱུར་འོད་བསྐྱུར”གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་དང་།  གློག་དྲས་ནུས་ཁུངས་གཙང་མའི་དང་ལེན་གྱི་ནུས་པ་མཐོར་འདེགས་གཏང་ཐུབ་པས། ནུས་གསོག་ཐོན་ལས་གཞི་ཁྱོན་ཅན་དུ་འཕེལ་བར་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས།

ཐེངས་འདིའི་དུང་ཕྱུར་བརྒྱ་རིམ་པའི་ནུས་གསོག་ལས་གཞིའི་གྲོས་ཆིངས་ཡིས་ཟི་ལིང་གསར་སྤེལ་ཁུལ་དེ་ནུས་གསོག་ཐོན་ལས་ཁྱབ་ཁོངས་སུ་གཞི་ཁྱོན་ཅན་དུ་འགྱུར་བའི་མཚོན་རྟགས་ཤིག་ཡིན་ཞིང་། རྒྱལ་ཡོངས་ཀྱི་ནུས་གསོག་ཐོན་ལས་ཕྱོགས་འདུས་ཀྱི་མཐོ་ས་ཞིག་ཏུ་འཕེལ་བཞིན་ཡོད་དོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།