《དཀར་མཛེས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐེར་འདོན་བྱ་དགའ་དོ་དམ་བྱེད་ཐབས།(ཚོད་སྤེལ)》དངོས་སུ་དཔར་འགྲེམས་བྱས།
ཉིན་ཤས་གོང་། སྤྱི་དམངས་ཐེ་ཞུགས་བྱེད་པར་སྐུལ་བ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཁྲིམས་ལྟར་ཐག་གཅོད་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཆེད། དཀར་མཛེས་ཁུལ་གྱིས《དཀར་མཛེས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐེར་འདོན་བྱ་དགའ་དོ་དམ་བྱེད་ཐབས(ཚོད་སྤེལ)》(གཤམ་དུ་བསྡུས་མིང་ལ《བྱེད་ཐབས》ཞེས་བརྗོད་རྒྱུ)དངོས་སུ་དཔར་འགྲེམས་བྱས། 2025ལོའི་ཟླ་12ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་དང་གོ་ཆོད་དུས་ཡུན་ལོ་2ཡིན།
《བྱེད་ཐབས》ནང་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཞིང་། དཀར་མཛེས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་“དངོས་ཐོག་བདེན་འཚོལ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར། རང་མོས་དང་རིན་དོད་ཡོད་པ། རིམ་པ་དབྱེ་ནས་འགན་འཁུར་བ། རིགས་དབྱེ་ནས་བྱ་དགའ་སྤྲོད་པ། མངའ་ཁོངས་དོ་དམ་”བཅས་ཀྱི་ཐེར་འདོན་ལ་བྱ་དགའ་སྤྲོད་རྒྱུའི་རྩ་དོན་གཏན་འཁེལ་བྱས་ཤིང་། ཁུལ་དང་རྫོང་(གྲོང་ཁྱེར)སྐྱེ་ཁམས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ཐེར་འདོན་ལ་བྱ་དགའ་སྤྲོད་རྒྱུའི་ལས་དོན་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་གཞོགས་འདེགས་ཀྱིས་སྐུལ་འདེད་གཏོང་དགོས།
བྱ་དགའ་སྤྲོད་པའི་ཁྱབ་ཁོངས་ཐད། 《བྱེད་ཐབས》ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགག་རྩའི་ཁྱབ་ཁོངས་ལ་དམིགས་པ་དང་། རང་བྱུང་ཐོན་ཁུངས་དང་འཆར་འགོད། སྐྱེ་ཁམས་ཁོར་ཡུག། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། ཆུ་བེད་དང་། ཞིང་འབྲོག་གྲོང་གསེབ། ནགས་ལས། རྩྭ་ཐང་བཅས་ཕྱོགས་དྲུག་ལ་ཁྱབ་ཡོད། དེའི་ནང་རང་དགར་ས་ཆ་བཟུང་སྤྱོད་དང་། སྒྲིག་འགལ་གྱིས་གསར་སྤེལ་འཛུགས་སྐྲུན། རྨོ་ཞིང་གཏོར་བརླག་སོགས་རང་བྱུང་ཐོན་ཁུངས་ཐད་ཀྱི་སྒྲིག་འགལ་བྱ་སྤྱོད་ཚུད་ཡོད་ལ། ཁེ་ལས་ཀྱིས་ཚད་ལས་བརྒལ་ནས་བཙོག་འབུད་དང་། ཉེན་ཆེའི་སྙིགས་རོ་ཁྲིམས་འགལ་ངང་ཐག་གཅོད་པ། འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོབ་སྒྲིག་བཀོད་གཏོར་བརླག་གཏོང་བ་སོགས་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཡང་ཚུད་ཡོད། ད་དུང་འཚོ་བའི་གད་སྙིགས་གང་བྱུང་དུ་སྤུངས་གསོག་དང་། གང་བྱུང་དུ་མེར་བསྲེག་པ་དང་། ཨར་སྐྲུན་གད་སྙིགས་སྒྲིག་འགལ་གྱིས་ཐག་གཅོད་བྱེད་པ། ཆུ་ལམ་གྱི་ཆུ་ལོག་རྒྱུག་སར་འགོག་རྐྱེན་འཛུགས་པ། རྩྭ་ཐང་གི་སྔོ་རྩྭ་གཏོར་བརླག་བྱེད་པ། ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་རྔོན་པ་སོགས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དོན་དག་དང་འབྲེལ་བ་ཡོད་ཅིང་། སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་ཡོངས་སུ་ཁེབས་ཐུབ་པ་བྱུང་ཡོད།
བྱ་དགའ་སྤྲོད་པའི་ཚད་གཞིའི་ཐད། བྱ་དགའ་སྤྲོད་པའི་ཚད་གཞིར་རིགས་དབྱེ་དང་རིམ་པ་དབྱེ་ནས་གཏན་འཁེལ་བྱས་ཡོད་པ་དང་། ཁྲིམས་འགལ་དང་སྒྲིག་འགལ་བྱ་སྤྱོད་ཀྱི་གནོད་འཚེའི་ཚད་དང་ཤུགས་རྐྱེན་ཐེབས་པའི་ཁྱབ་ཁོངས་ལ་གཞིགས་ནས། བྱ་དགའ་སྤྲོད་པའི་གྲངས་ཚད་མི་འདྲ་བ་ཁ་གསལ་བཟོ་དགོས་པ་སྟེ། སྒོར་100ནས་སྒོར་1000བར་མི་འདྲ་བ་ཡོད། ཁོར་ཡུག་སྦགས་བཙོག་གི་དོན་རྐྱེན་ཚབས་ཆེ་བའམ་ཡང་ན་ཧ་ཅང་ཚབས་ཆེན་བཟོས་པ། ཡང་ན་ཁོར་ཡུག་སྦགས་བཙོག་གི་ཉེས་གསོག་དང་འབྲེལ་བ་ཡོད་པའི་གྱོད་དོན་ལ་ནུས་ལྡན་གྱི་གྱོད་དོན་ཐག་གཅོད་བྱེད་པའི་ཁུངས་སྣེ་ཐོབ་དཀའ་ཚེ། འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཚོགས་ལ་བྱ་དགའ་སྤྲོད་པའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ནས་གྱོད་གཞིའི་ཁུངས་སྣེ་བསྡུ་ལེན་བྱས་ཆོག བསྡུ་ལེན་བྱས་པའི་ཁུངས་སྣེ་ཡིས་གྱོད་གཞིའི་དོན་དངོས་གཙོ་བོ་རྩད་གཅོད་བྱེད་པར་འགག་རྩའི་རང་བཞིན་གྱི་ནུས་པ་ཐོན་ཚེ་ཆེས་མཐོ་ན་བྱ་དགའ་སྒོར་ཁྲི་5སྤྲད་ཆོག དུས་མཚུངས་སུ་ཁ་གསལ་བཟོས་དོན། ཁྲིམས་འགལ་བྱ་སྤྱོད་གཅིག་ལ་《བྱེད་ཐབས་》ནང་གི་དོན་ཚན་དྲུག་པར་བཀོད་པའི་གནས་ཚུལ་རིགས་གཉིས་སམ་དེའི་ཡན་ཡོད་རིགས། བྱ་དགའ་རིམ་པ་མཐོ་ཤོས་ལྟར་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་པ་དང་། ཐེར་འདོན་བྱེད་མཁན་གྱིས་ཁྲིམས་འགལ་བྱ་སྤྱོད་འགའ་ཐེར་འདོན་བྱས་པ་དང་། ཞིབ་བཤེར་བྱས་ནས་བདེན་པ་ཡིན་ཚེ། གཏན་འཁེལ་བྱས་པའི་རིམ་པ་སོ་སོ་ལྟར་ཐེར་འདོན་བྱེད་མཁན་གང་དེར་བྱ་དགའ་སྤྲོད་རྒྱུ། བྱ་སྤྱོད་གཅིག་པ་ཡིན་ཚེ་ནུས་ལྡན་གྱི་ཐེར་འདོན་བྱེད་མཁན་ཐོག་མ་དེ་ཁོ་ནར་སྤྲོད་རྒྱུ་དང་། བྱ་དགའ་དྲང་སྙོམས་དང་དྲང་གཞག་ཡོང་བར་འགན་ལེན་བྱ་རྒྱུ།
སྤྱི་དམངས་ཀྱིས་ཐེར་འདོན་བྱེད་པར་སྟབས་བདེ་ཡོང་ཆེད། 《བྱེད་ཐབས་》ནང་ཐེར་འདོན་བྱེད་མཁན་གྱིས“དཀར་མཛེས་མགྱོགས་བརྒྱུད་”སྐད་འཕྲིན་གོ་རིམ་ཆུང་ཆུང་དང“12345”ཐད་སྦྲེལ་ཁ་པར་བཅས་སྟབས་བདེའི་ཐབས་ལམ་གཉིས་བརྒྱུད་དེ་གནད་དོན་སྙན་སེང་ཞུ་ཆོག་པ་ཁ་གསལ་བཟོས་ཡོད། ཞིབ་བཤེར་ཐག་གཅོད་བྱེད་པའི་ལྷུ་ཚིགས་ཀྱི་དུས་བཀག་ཚད་བཀག་ནན་པོ་བྱས་ཏེ། “དཀར་མཛེས་མགྱོགས་བརྒྱུད་”གོ་རིམ་ཆུང་ཆུང་གིས་ཐེར་འདོན་དང་ལེན་བྱས་རྗེས། ཤང་(གྲོང་རྡལ་)གྱི་འགན་འཁུར་འགོ་ཁྲིད་ཀྱིས་ཆུ་ཚོད་གཅིག་ནང་འབྲེལ་ཡོད་མི་སྣར་ཞིབ་བཤེར་བྱེད་དགོས་པའི་བརྡ་ཐོ་བཏང་བ་དང་། ཞིབ་བཤེར་མི་སྣས་ཆུ་ཚོད་ལྔའི་ནང་ཞིབ་བཤེར་ལེགས་སྒྲུབ་བྱེད་པ་དང་འབྲེལ་དཔང་རྟགས་དཔྱད་ཡིག་བསྐུར་བ། ཉིན་གཅིག་ནང་ཞིབ་བཤེར་ལེགས་གྲུབ་བྱེད་པ་དང་ཉིན་བདུན་ནང་བྱ་དགའ་དངུལ་སྤྲོད་རྒྱུ་ཡིན། “12345”ཐད་སྦྲེལ་སྐུད་པའི་ཐེར་འདོན་དེ་གོ་རིམ་དང་དུས་ཚད་གཅིག་མཚུངས་ལྟར་དོན་འཁྱོལ་བྱས་ནས། ཐེར་འདོན་གྱི་ཁུངས་སྣེ་མགྱོགས་མྱུར་ཞིབ་བཤེར་དང་མགྱོགས་མྱུར་ཐག་གཅོད་བྱེད་པ་དང་བྱ་དགའ་དུས་ཐོག་ཏུ་མངོན་འགྱུར་ཡོང་བ་འགན་ལེན་བྱེད་དགོས། བྱ་དགའི་མ་དངུལ་ནི་ཁུལ་དང་རྫོང་(གྲོང་ཁྱེར)གྱིས་བསྡུར་ཚད་4:6ལྟར་གྲབས་གསོག་བྱས་ནས་ནོར་སྲིད་སྔོན་རྩིས་ནང་འཇུག་པ་དང་། ཆེད་སྤྱོད་རྩིས་ཁྲ་བཙུགས་ནས་དོ་དམ་ཚད་ལྡན་དུ་གཏོང་བ་དང་། སྐད་འཕྲིན་སོགས་སྟབས་བདེའི་ལམ་ནས་སྤྲོད་རྒྱུ་དང་། བརྒྱུད་རིམ་ཧྲིལ་པོར་རྩིས་བཤེར་ལྟ་སྐུལ་དང་ལེན་བྱེད་དགོས།
གཞན་ཡང་《བྱེད་ཐབས》ནང་ཐེར་འདོན་གྱི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས། ལས་དོན་མི་སྣས་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་སྲུང་སྐྱོབ་ནན་པོ་བྱེད་དགོས་པ་དང་། མིང་དང་འབྲེལ་གཏུག་བྱེད་སྟངས་སོགས་ཀྱི་ནང་དོན་ཕྱིར་གྱར་བ་གཏན་འགོག་བྱེད་དགོས་པ། ཐེར་འདོན་བྱེད་མཁན་ལ་རྡུང་རྡེག་འཁོན་ལན་སློག་པའི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས། སྤྱི་དམངས་ཀྱི་ཐེར་འདོན་ཐད་ཀྱི་སེམས་ཁྲལ་མེད་པ་ཏན་ཏིག་བྱེད་དགོས་པ། དུས་མཚུངས་སུ་ཐེར་འདོན་བྱ་སྤྱོད་ཚད་ལྡན་ནན་པོ་བྱས་ཏེ། དོན་དངོས་རྫུན་བཟོ་བྱས་ནས་མི་གཞན་ལ་ལྐོག་ཉེས་གཏོང་བ་དང་བསམ་ངན་བཅངས་ནས་ཐེར་འདོན་བྱས་ནས་བྱ་དགའ་གཡོ་ལེན་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་དེ་མཚུངས་ཀྱི་འགན་འཁྲི་བདའ་འདེད་བྱས་ནས། ཐེར་འདོན་དང་བྱ་དགའ་སྤྲོད་པའི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་འགན་སྲུང་བྱེད་དགོས།