མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་སྡོམ་རྩིས་ཅུའུ་དང་མཚོ་སྔོན་ཞིང་ཆེན་སྡོམ་རྩིས་སློབ་ཚོགས་ཀྱིས་གཙོ་སྒྲུབ་དང་། ཟི་ལིང་གྲོང་ཁྱེར་སྡོམ་རྩིས་ཅུའུ། མཁར་བྱང་ཆུས་སྡོམ་རྩིས་ཅུའུ་ཡིས་རོགས་སྒྲུབ་བྱས་པའི“ཁྲིམས་མཐུན་གྱི་སྡོམ་རྩིས།། ཡིད་རྟོན་གྱི་གཞི་གྲངས།།”ཞེས་པའི2025ལོའི་སྡོམ་རྩིས་ཁྲིམས་སྐྱོང་དྲིལ་བསྒྲགས་ཟླའི་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཝུའུ་ཡེ་ཐང་ཆེན་དུ་སྤེལ། ཐེངས་འདིའི་དྲིལ་བསྒྲགས་ཟླའི་བྱ་འགུལ་དུ་སྤྱི་ཚོགས་ཡོངས་ཀྱི་ཁྲིམས་མཐུན་ངང་སྡོམ་རྩིས་བྱེད་པའི་འདུ་ཤེས་མཐོར་འདེགས་དང་། སྡོམ་རྩིས་ལས་ཁུངས་ཀྱི་ཁྲིམས་སྐྱོང་ནུས་པ་མཐོར་གདེགས། སྤྱི་དམངས་ཀྱི་ཁྲིམས་བརྩི་ཁྲིམས་སྦྱོང་ཁྲིམས་སྲུང་བཅས་ཀྱི་འདུ་ཤེས་མཐོར་འདེགས་བཏང་སྟེ། མཚོ་སྔོན་གྱི་སྡོམ་རྩིས་དེང་རབས་ཅན་དུ་བསྒྱུར་བའི་བྱ་གཞག་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་གདིང་ཡོད།
བྱ་འགུལ་གྱི་ཡུལ་དངོས་སུ་འགྲེམས་སྟོན་དང་དྲི་བར་ལན་འདེབས་པ། རིག་རྩལ་འཁྲབ་སྟོན་སོགས་ཀྱི་ནང་དོན་བཀོད་སྒྲིག་བྱས་ཡོད་ལ། དེ་དང་མཉམ་དུ་མྱུར་བགྲོད་གཞུང་ལམ་གྱི་བརྡ་ཁྱབ་བསྒྲགས་བྱང་དང་། LEDའཁོར་བགྲོད་བརྡ་ཁྱབ་བཏང་ཡོད་པར་མ་ཟད། དྲྭ་ལམ་གྱི་ཁྲིམས་སྐྱོང་བརྒྱུད་སྒྲོག་དང་འགྲེལ་བཤད་ཀྱི་ཆེད་དོན་ལེ་ཚན་དང་བརྙན་ཐུང་བཟོ་བ། ད་དུང་གཙོ་གནད་མི་སྣ་རྩ་འཛུགས་བྱས་ཏེ་རྒྱུགས་ལེན་པ་དང་དྲྭ་ལམ་གྱི་ཁྲིམས་སྦྱོང་རྒྱུགས་གཞི་སོགས་བཀོད་སྒྲིག་བྱས་ཏེ། “རྩ་ཁྲིམས་ཁྱིམ་ཚང་དུ་བསྐྱོད་པ”དང་གྱོད་དཔེའི་ཉེན་བརྡ་སོགས་ཀྱི་བྱ་འགུལ་སྤེལ། དྲྭ་ལམ་དང་ཡུལ་དངོས་ཟུང་འབྲེལ་བྱེད་པ་དང་བརྟན་འཇགས་དང་འཁོར་བསྐྱོད་ཟུང་འབྲེལ་གྱི་ཕྱོགས་ཡོངས་དྲིལ་བསྒྲགས་ལ་བརྟེན་ནས། སྡོམ་རྩིས་ཁྲིམས་སྐྱོང་གི་འདུ་ཤེས་མི་སེམས་ཀྱི་གཏིང་རིམ་སིམ་པར་སྐུལ་འདེད་བཏང་བར་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྡོམ་རྩིས་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོབ་བྱས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཟླ12པའི་བྱ་འགུལ་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྡོམ་རྩིས་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་ལེན་བྱེད་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱེད་པ། སྡོམ་རྩིས་ལས་རིགས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཁྲིམས་ལུགས་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ཏེ། ཕྱོགས་མང་བོ་ནས་ཁྲིམས་ལུགས་ཁྱབ་བརྡལ་གྱི་བྱ་བ་སྤེལ། དྲིལ་བསྒྲགས་ཀྱི་ནང་དོན་ལ་རྩ་ཁྲིམས་ཀྱི་ཤེས་བྱ་འགྲེལ་བཤད་བྱེད་པ་དང་། གསར་དུ་བཅོས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོམ་རྩིས་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་སྡོམ་རྩིས་སྲོལ་ཡིག》གསལ་བཤད་བྱེད་པ། དེ་དང་མཉམ་དུ་ཟླ་བཅུ་གཉིས་པའི་ཚེས་བཞི་ཡི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་དང་། ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཀྱི་སྡོམ་རྩིས་བཅའ་ཁྲིམས་གཏན་ཁེལ་བྱས་པའི་རྗེས་དྲན་ཉིན་མོར་ཁྲིམས་ལུགས་ཁྱབ་བརྡལ་གྱི་ཕན་འབྲས་ཆེར་བསྐྱེད་བྱེད་པ་དང་ཟུང་འབྲེལ་བྱས་ཡོད།