ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཁྱབ་བསྒྲགས་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས5ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་མངགས་བཅོལ་ལྟར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་ཡིས་འགོ་འཛིན་བྱས་ནས་ཁྱབ་བསྒྲགས་ཚོགས་འདུ་བསྡུས་པ་དང་། ཏང་ཕྱིའི་མི་སྣར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ཁྱབ་བསྒྲགས་བྱས། 

ཚོགས་ཞུགས་ཏང་ཕྱིའི་མི་སྣས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་བསྡུས་པའི་དོན་སྙིང་གལ་ཆེན་ལྡན་པའི་ཚོགས་འདུ་ཞིག་ཡིན་པར་འདོད། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞི》ལས་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ཡོད། ཚང་མས་མགྲིན་གཅིག་ཏུ་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ངོ་བོ་དང་དོན་སྙིང་གཙོ་བོར་གོ་བ་གཏིང་ཟབ་ལེན་པ་དང་། བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་ཁག་དོན་འཁྱོལ་བྱེད་པའི་སྟེང་གཅིག་གྱུར་ཏན་ཏིག་བྱེད་པ། བློ་གྲོས་དང་སྟོབས་ཤུགས་དེ་ཚང་འཛོམས་གྲོས་ཚོགས་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་ཁག་དོན་འཁྱོལ་བྱེད་པའི་སྟེང་གཅིག་སྡུད་བྱས་ཏེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་ཤུགས་འབུལ་དགོས། 

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་རིམ་ལྡན་པའི་སློབ་སྦྱོང་དང་གོ་བ་ལེན་དགོས། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་མཚོ་སྔོན་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་། རྩ་དོན། འཐབ་ཇུས་བཀོད་སྒྲིག་བཅས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་། འབྲེལ་གཏུག་བྱེད་མཁན་ཁོངས་མི་དང་མང་ཚོགས་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ། འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཡོངས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་བསྐྲུན་དགོས། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ལས་འགན་སྒྲུབ་པའི་ནུས་པའི་ཆུ་ཚད་མཐོ་རུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ་སོགས་ལྟེ་བའི་ལས་དོན་ལ་དོ་ཁུར་བྱས་ནས་བརྟག་དཔྱད་གཏིང་ཟབ་དང་ཐབས་ཇུས་འབུལ་དགོས་ལ། དྲིན་ཤེས་པ་དང་། བརྩེ་སེམས་ལྡན་པ། དངོས་སྒྲུབ་ལ་མཐོང་ཆེན་བཅས་ཀྱི་ཁག་ཁུར་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་སྟེང་བཏོན་པའི་འཆར་གཞི་དེ་མཉམ་དུ་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་དགོས། 

ལིའུ་ཐུང་ཏི་དང་། རིན་ཆེན་རྣམ་རྒྱལ། ཁོང་ཡུང་། ཝང་ཞོན། མཱ་ཡུའེ་ཞང་བཅས་ཚོགས་འདུར་ཞུགས། དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། སྤྱི་དབང་མིན་པའི་དཔལ་འབྱོར་དང་མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་སོགས་ཚོགས་འདུར་ཞུགས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།