བོད་ལྗོངས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། མི་དམངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། བོད་ལྗོངས་དང་ཅི་ལིན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཏང་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་བཏང་།

བོད་ལྗོངས་ཀྱི་ས་གནས་སོ་སོས་སྤུས་ལེགས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་བ་བརྒྱུད་དགུན་དུས་ཡུལ་སྐོར་གྱི་མཐོ་རླབས་བསུས།  ལྷ་སའི་བར་སྐོར་ཁྲོམ་གཞུང་དུ། གཟུགས་འདས་ཤུལ་བཞག་ཉམས་ལེན་སོགས་ཀྱི་རྣམ་གྲངས་རྒྱུན་མཐུད་ངང་འཁྲུག་ཆ་དོད་པོ་ཡོད། ལྷོ་ཁ་གྲོང་ཁྱེར་ཡར་འབྲོག་གཡུ་མཚོ་རུ། ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་རིམ་སྤོར་བྱུང་ནས། སྟབས་བདེའི་འགྲིམ་འགྲུལ་དང་ཞབས་ཞུ་ལེགས་པོས་ཡུལ་སྐོར་བར་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཉམས་སུ་མྱོང་དུ་བཅུག་ཡོད།

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་རིག་གནས་དང་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་ཐིན་ཁྲེན་གྱིས་བཤད་རྒྱུར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ང་ཚོའི་བྱ་བར་ཁ་ཕྱོགས་གསལ་སྟོན་བྱས་ལ། རྗེས་ཕྱོགས་ང་ཚོས་འགྲིམ་འགྲུལ་ཁ་གསབ་སོགས་ཕན་བདེ་སྐྲུན་པ་དང་། ཁྱད་ལྡན་ཐོན་རྫས་དང་ཞབས་ཞུའི་མ་ལག་རིམ་སྤོར་སོགས་ཀྱི་བྱ་ཐབས་བརྒྱུད་དེ། ཡུལ་སྐོར་བའི“དགུན་དུས་བོད་ལྗོངས་དུ་ཡུལ་སྐོར་བྱེད་པའི”གདམ་ག་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ཟེར།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་དུ། བོད་ལྗོངས་ཀྱིས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་འདེགས་སྐྱོར་བྱས་ཏེ། ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད། རིག་གནས་སྒྱུ་རྩལ་དུས་ཆེན་དང་དངོས་ལྗོངས་འཁྲབ་སྟོན་སོགས་ཁྱད་ལྡན་རིག་གནས་ཡུལ་སྐོར་རྣམ་གྲངས་བསྐྲུན་ཏེ། རིག་གནས་ལས་རྣམ་གསར་པ་གསོ་སྐྱོང་བྱས། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་བྱེ་བ་དྲུག་ས་ཡ་དགུ་འབུམ་བཞི་བརྒྱད་ཁྲི་བཞི་སྟོང་བདུན་བརྒྱ་སྣེ་ལེན་ཞུས་པ་དང་དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བཅུ་གྲངས་ཆུང་བདུན་བཞི་འཕར་ཡོད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རྗེས་མར་བོད་ལྗོངས་ཀྱིས་མཐོ་སྒང་གི་སྐྱེ་ཁམས་དང་རིག་གནས་ཐོན་ཁུངས་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་གྱི་མཉམ་འདྲེས་ཟབ་མོར་སྐུལ་འདེད་གཏོང་རྒྱུ་དང་། བོད་ལྗོངས་ཀྱི་ཡུལ་སྐོར་དེ་མཛེས་ལྗོངས་ཡུལ་སྐོར་ནས་རིག་གནས་དང་ཡུལ་སྐོར་ལེགས་པོར་བསྒྱུར་རྒྱུར་ཧུར་ཐག་སྒོས་སྐུལ་འདེད་གཏོང་ངེས།

བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཐིན་ཀྲང་གཞོན་པ་མིག་དམར་གྱིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”རྒྱང་ལྟ་བྱས་ཏེ།  ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྲིད་སྟོན་དུ་བཟུང་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་ནས། ང་ཚོའི་རིག་གནས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་སྩོལ་དགོས། སྲིད་ཇུས་འགན་སྲུང་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་གྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཁྲོམ་རའི་འཕེལ་རྒྱས་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་འདེགས་སྐྱོར་ཐོན་ལས་སུ་བསྒྱུར་ནས། བོད་ལྗོངས་ཀྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་དགོས།

ཅི་ལིན་གྱིས་གྲོང་ཁྱེར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ལ་ཕན་པ་བསྐྲུན།

ཅི་ལིན་ཁྲང་ཁྲོན་ཁུལ་གསར་དུ། ཅའེ་ཏ་མཁར་སྡེས་སྒྲིག་སྦྱོར་བྱས་པའི་གློག་སྐས་ཉིན་འདི་དག་ལ་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་ནས། གཞིས་ཁུལ་གྱི་སྡོད་དམངས“ཐོག་ཁང་དུ་འཛེག་དཀའ་བའི”དཀའ་ངལ་ལས་ཐར། ཁྲང་ཁྲུན་གྱི་གྲོང་ཁུལ་གཙོ་བོ་རུ། དུས་རབས་གོང་མའི་དུས་མཇུག་ཏུ་བསྐྲུན་པའི་སྡོད་ཁང་མང་པོ་ཞིག་ལ་གློག་སྐས་མེད་སྟབས། ཉེ་བའི་ལོ་ཤས་རིང་། ཐོག་ཁང་དུ་འཛེག་རྒྱུ་ནི་རྒན་པ་མང་པོ་ཞིག་ཕྱིར་སྐྱོད་པའི་དངོས་ཡོད་ཀྱི་དཀའ་གནད་ཅིག་ཏུ་གྱུར་ཡོད་པས། ཁྲང་ཁྲོན་གྲོང་ཁྱེར་གྱིས་གཞིས་ཁུལ་རྙིང་པར་གློག་སྐས་སྒྲིག་སྦྱོར་བྱེད་རྒྱུ་དེ་གྲོང་ཁྱེར་གསར་སྒྱུར་ལས་གཞིའི་ཁྲོད་བཅུག་ནས། “སྲིད་གཞུང་གིས་ཁ་གསབ་དང་སྡོད་དམངས་ཀྱིས་འགན་མཉམ་འཁུར”སོགས་ཀྱི་བྱེད་ཐབས་བརྒྱུད། རྒྱ་ཆེའི་མང་ཚོགས་ལ་ཕན་པ་བསྐྲུན།

ཅིས་ལིན་ཁྲང་ཁྲོན་ཁུལ་གསར་ཧྲོང་ཏི་ཁྲོམ་གཞུང་ཅའེ་ཏ་མཁར་སྡེའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཁྲིན་དབྱིན་གྱིས་བཤད་རྒྱུར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཏོན་པ་དེས། ང་ཚོའི་མཁར་སྡེའི་བྱ་བར་ཁ་ཕྱོགས་གསལ་སྟོན་བྱས། རྗེས་མར་ང་ཚོས་སྡོད་དམངས་ཀྱི་འཚོ་བའི་དཀའ་གནད་ལ་དམིགས་ནས། སྡོད་དམངས་ཀྱི་དགོས་མཁོར་གནད་འཁེལ་འབྲེལ་མཐུད་བྱས་ཏེ། གཞིས་ཁུལ་རྙིང་པ་སྒྱུར་བཀོད་གྱི་བརྒྱུད་རིམ་ཁྲོད། ཁྱིམ་ཚང་རེ་རེ་བཞིན་བཅར་འདྲི་བྱས་ལ། དོན་དངོས་དང་ཟུང་འབྲེལ་གྱིས་ཇུས་གཞི་ལེགས་སྒྲིག་བྱས་ནས། སྡོད་དམངས་ཀྱི་འཚོ་བར་སྐྱིད་སྣང་ལྡན་པར་བྱས་ཡོད་ཟེར།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་དུ།  ཅིས་ལིན་ཞིང་ཆེན་གྱིས་གྲོང་ཁྱེར་གསར་སྒྱུར་གྱི་བྱ་བ་ནུས་ཤུགས་ཡོད་རྒུས་སྤེལ་ཏེ། གཞིས་ཁུལ་རྙིང་པ་སྡོམ་པས་ལྔ་སྟོང་སུམ་བརྒྱ་ལྷག་སྒྱུར་བཀོད་བྱེད་འགོ་ཚུགས་ཡོད་ལ།  ལོ་རྒྱུས་རིག་གནས་ཁྲོམ་གཞུང་བཞི་བཅོས་སྒྲིག་རིམ་སྤོར་བྱས་རྗེས་ཁྲོམ་གཞུང་དུ་ལས་གཉེར་བྱེད་འགོ་ཚུགས་པ་མ་ཟད།  ལོ་རྒྱུས་འཛུགས་སྐྲུན་30ལྷག་ཉམས་གསོ་སྒྱུར་བཀོད་ཀྱང་བྱས།  ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དོན་འཁྱོལ་བྱས་ནས།   རྗེས་མར་ཅི་ལིན་གྱིས་འཕེལ་རྒྱས་ཁྲོད་དམངས་འཚོ་ལེགས་བཅོས་རྒྱུན་འཁྱོངས་བྱས་ཏེ། གཞིས་ཁུལ་རྙིང་པ་དང་ཁྲོམ་གཞུང་རྙིང་པ།  བཟོ་ཁུལ་རྙིང་པ་བཅས་ཕྱོགས་སྒྱུར་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་ངེས་ཡིན།

ཅིས་ལིན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྲོང་སྲིད་སྤྱི་སྤྱོད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀྲུའུ་ཅེ་ཡིས་བཤད་རྒྱུར། ཅིས་ལིན་གྱིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་བྱ་བའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ཡོད།  རྗེས་མར།  ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གྲོང་ཁྱེར་གསར་སྒྱུར་གྱི་བྱ་བར་སྤྱི་འདོམས་སྐུལ་འདེད་བཏང་ནས། མང་ཚོགས་ལ་བདེ་སྡོད་དང་མཁར་གྲོང་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་བྱེད་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།