2025ལོར་རང་རྒྱལ་གྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ལ་འཕེལ་རྒྱས་ཆེན་པོ་བྱུང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་བསྡུ་བའི་ལོ་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་པར”སྒྲིག་བཟོ་བྱེད་པའི་ལོ་ཡིན་ལ། བཅོས་སྒྱུར་སྔར་ལས་ཟབ་སྤེལ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་པོའི་ངང་མདུན་དུ་བསྐྱོད་བྱེད་པར་སྐུལ་འདེད་གཏོང་བའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། 2025ལ་ཕྱིར་མིག་བལྟས་ཚེ། ཕྱི་རོལ་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་།  ངེས་གཏན་མིན་པའི་རང་བཞིན་ཇེ་མང་དུ་སོང་ཡོད།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ཕྱོགས་ཡོངས་ནས་ལག་བསྟར་བྱས། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ།  སྤུས་ཚད་ནུས་ལྡན་ངང་ཇེ་མཐོ་དང་འབོར་ཚད་ལུགས་མཐུན་ངང་འཕར་བ་མངོན་འགྱུར་བྱུང་ལ།  རྒྱུན་མཐུད་ངང་ལེགས་ཕྱོགས་སུ་སྐྱོད་པར་མཉེན་ཆ་དང་གསོན་ཤུགས་ཆེན་པོ་མངོན་ཡོད།  ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་དེ་རིང་ནས་བཟུང་ཕྲེང་བསྟར་གསར་འགྱུར《འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་དུ་བསྟར་ནས་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་མདུན་དུ་བསྐྱོད་པ》ཞེས་པ་གཏང་རྒྱུ་ཡིན། དེ་རིང་ཐོག་མར《སྤུས་གསར་ཐོན་སྐྱེད་ནུས་ཤུགས་ལ་འཕེལ་རྒྱས་ཆེན་པོ་བྱུང》ཞེས་པར་རྒྱུས་ལོན་ཞིག་བྱེད།

2025ལོར་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱིས་ཀྲུང་གོར་ཚན་རྩལ་གྱི་ཕྱོགས་ནས་འགྱུར་ལྡོག་ཆེན་པོ་བྱུང་དུ་བཅུག ལོ་འགོར། མི་བཟོས་རིག་ནུས་གློ་བུར་དུ་བྱུང་དུས། མི་མང་པོ་ཞིག་དཔེ་དབྱིབས་ཆེན་པོར་ཆ་རྒྱུས་མེད།  ཡིན་ཡང་ད་ལྟ། དཔེ་དབྱིབས་ཆེན་པོ་བརྒྱ་ལྷག་ལས་རིགས་ཁྲི་སྟོང་མང་པོར་ནང་འདྲེན་བྱས་ཏེ། རིག་ནུས་སྤེལ་རེས་ནས་ཐོན་ལས་ནུས་སྩོལ་བར།  དཔེ་དབྱིབས་ཆེན་པོའི་རིམ་འཇུག་མྱུར་ཚད་ཀྱིས་མི་རྣམས་ཀྱི་ཤེས་རྟོགས་ལ་ཁ་ལོ་སྒྱུར་བཞིན་ཡོད།

སྦྲུལ་ལོའི་དཔྱིད་གསར་དགོང་ཚོགས་སྟེང་། འཕྲུལ་མིས་ལག་ཕྱིས་གཡུག་བཞིན་གར་ལ་རོལ་དུས། མི་རྣམས་ཀྱིས་ད་དུང་ཚན་རྩལ་གྱི་ལྡེམ་མྱུར་ལ་ཡ་མཚན་སྐྱེས་བཞིན་ཡོད། ལོ་མཇུག་ཏུ་སླེབས་དུས། མཆོང་ལྡིང་བྱེད་ཐུབ་པ་དང་ནང་ལས་བྱེད་ཐུབ་པ། ལས་ཀ་བྱེད་ཐུབ་པ་བཅས་ཀྱི་རྒྱུན་མཐུད་རང་བཞིན་གྱི་རིག་ནུས་འཕྲུལ་མི་དེ་དངོས་ཡོད་ཀྱི་ཡུལ་རྣམ་མང་པོར་ཞུགས་ཡོད།

མི་རྣམས་ཧ་ལས་དགོས་པའི་འཚར་ལོངས་བྱུང་བ་འདི་ལྟ་བུ་ཀྲུང་གོའི་གསར་གཏོད་ཀྱི་མྱུར་ཚད་ཡིན། 2025ལོར་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་སྔར་ལས་ཇེ་མགྱོགས་སུ་ཕྱིན་ནསCR450སྒུལ་འཁོར་གྱིས་དུས་ཚོད་རེའི་མྱུར་ཚད་སྤྱི་ལེ400ཡི་གནད་འགག་ཚོད་ལྟའི་ལས་གཞི་ལེགས་གྲུབ་བྱུང་བ་དང་། འཚོལ་ཞིབ་བྱེད་ཡུལ་རིང་དུ་ཕྱིན་ནས་རང་རྒྱལ་གྱིས་རྒྱུ་སྐར་ཆུང་གྲས་འཚོལ་ཞིབ་ཚད་ལེན་དང་དཔེ་ལེན་ཕྱིར་ལོག་གི་ཡུལ་སྐོར་འགོ་བརྩམས།  ནུས་ཁུངས་སྔར་ལས་མང་བ་གསར་འབྱེད་བྱས་པ་སྟེ། “མཚོ་གཏིང་དང་པོའི”དུས་རིམ་གཉིས་པ་ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་འགོ་ཚུགས།   སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱིས་ད་ལྟའི་ཀྲུང་གོར་འོད་སྣང་སྩོལ་བཞིན་ཡོད།

ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་དེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་ཚད་ཇེ་མགྱོགས་སུ་སོང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ཀྱི་འགྱུར་ལྡོག་དང་སྤྱི་ཡོངས་ལ་དམིགས་ཏེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་བཏོན། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ལམ་ཡིན་པ་ནན་གྱིས་བསྟན་པ་དང་། ད་ལོར་ས་གནས་སོ་སོར་རྟོག་ཞིབ་གནང་སྐབས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དཔེ་དབྱིབས་ཆེན་པོ་གསར་གཏོད་གྱི་སྐྱེ་ཁམས་མཁར་སྡེ་རུ་ཕེབས་པ་དང་ཆེད་ཞིབ་ཁྱད་གསར་ཁེ་ལས་སུ་འབྱོར་ནས་ས་གནས་ཁག་གི་ཐོན་ཁུངས་དགེ་མཚན་དང་ཐོན་ལས་རྨང་གཞིར་དམིགས་ནས། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཆེས་གལ་ཆེ་བ་ནི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འབད་ཇེ་མགྱོགས་སུ་བཏང་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གང་ལེགས་གཏོང་རྒྱུ་དེ་ཡིན། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ།  སྒུལ་ནུས་གསར་པ་གསོ་སྐྱོང་ཇེ་མགྱོགས་སུ་གཏོང་བ། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ངོ་བོ་རང་བཞིན་དང་འགག་སྒྲོལ་རང་བཞིན་གྱི་འཕེལ་རྒྱས་ཡོད་དགོས་ལ། ཚན་རྩལ་གྱི་ཆེད་དམིགས་ལས་གཞི་གལ་ཆེན་སྐོར་ཞིག་ལ་ཐོད་བརྒལ་གསར་པ་བརྩོན་ལེན་བྱས་ནས། ཚན་རྩལ་གྱི་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགས་དངོས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་དམིགས་ནས་ཡུལ་བབ་དང་བསྟུན་ནས་གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་བཀོད་སྒྲིག་བྱེད་དགོས།

ཀྲུང་གོའི་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལིའུ་ཀྲི་ཁྲེང་གིས་བཤད་རྒྱུར། ད་ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཚན་རིག་དང་མཐུན་པའི་ཐབས་ལམ་སྔར་ལས་གསལ་པོར་བསྟན་པ་དང་། འཐབ་ཇུས་རང་བཞིན་དང་། མདུན་ལྗོངས་རང་བཞིན། མ་ལག་རང་བཞིན་བཅས་ཀྱི་བཀོད་སྒྲིག་རབ་དང་རིམ་པ་གནང་ཡོད། འཛམ་གླིང་ཐོག་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་རིམ་བཞིན་ཇེ་མགྱོགས་སུ་འགྲོ་བའི་དུས་སྐབས་འདིར།  གསར་གཏོད་ཀྱི་རང་འགུལ་དབང་ཆ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་ཇི་ལྟར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པར་ཁ་ཕྱོགས་གསལ་སྟོན་གནང་བས།  ང་ཚོས་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་འགྲན་སློང་ལ་གདོང་ལེགས་པོ་གཏད་དེ།  གོ་སྐབས་དམ་འཛིན་གྱིས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཡོངས་ཀྱི་སྒུལ་ནུས་དྲག་པོ་འདོན་སྤེལ་བྱས་ཡོད་ཟེར།

2025ལོར་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བར་དམིགས་ནས་བྱེད་ཐབས་གསར་པ་བཏོན་ཡོད།

དཔལ་འབྱོར་སྒྲིག་སྲོལ་དང་ཚན་རྩལ་སྒྲིག་སྲོལ་སོགས་བཅོས་བསྒྱུར་ཟབ་སྤེལ་བྱས་ནས་ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་བཙུགས།  རྒྱལ་ཁབ་ཀྱི་མིས་བཟོས་རིག་ནུས་ཁྱབ་ཁོངས་ཀྱི་གནད་རང་བཞིན་གྱི་ཡིག་ཆ་ཐོག་མ་བཏོན་ནས་མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་ལས་འགན་རེའུ་མིག་དང་ལམ་ཐིག་རི་མོ་ཁ་གསལ་བཟོས། ལྗོངས་རྣམ་གསོ་སྐྱོང་དང་སྒོ་འབྱེད་ཐད་མ་ལག་ལྡན་པའི་བཀོད་སྒྲིག་ཐེངས་དང་པོ་བྱས་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཏིང་ཟབ་མཉམ་གསེས་བྱད་པའི་འགག་རྩའི་འབྲེལ་ཟམ་བཙུགས། ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་དམིགས་པ་དང་། མིས་བཟོས་རིག་ནུས་དང་ཚད་རྡུལ་ཚན་རྩལ་སོགས་གཙོ་གནད་ཐོན་ལས་དང་ཁྱབ་ཁོངས་ལ་དམིགས་ནས། མཐོ་རིམ་སློབ་ཆེན་གྱིས་དགོས་མཁོ་ཆེ་བའི་ཆེད་ལས་མྱུར་མོར་འཛུགས་པར་སྐུལ་འདེད་བཏང་། བྱེད་ཐབས་རབས་དང་རིམ་པ་བཏོན་ནས་སྔོན་ཐོན་སྤུས་ལེགས་ཐོན་སྐྱེད་ཀྱི་རྒྱུ་ཆ་སྣ་ཚོགས་དེ་ཐོན་སྐྱེད་ནུས་ཤུགས་གསར་པའི་འཕེལ་རྒྱས་ཕྱོགས་སུ་མྱུར་མོར་གཅིག་སྡུད་བྱ་བར་སྐུལ་འདེད་བཏང་།

2025ལོའི་ཀྲུང་གོར་ཆེས་ཐོག་མའི་གསར་གཏོད་གི་འབྲས་བུ་མྱུར་མོར་མངོན་འགྱུར་བྱུང་ཡོད།

“མིས་བཟོས་ཉི་མ”ཞེས་པའི་གློག་འགོག་མེད་པའི་ཐུའོ་ཁ་མ་ཁེ་ཉིང་རྡུལ་འདུས་འགྱུར་གྱི་ཚོད་ལྟའི་སྒྲིག་ཆས་ལ་ཧྲེ་ཧྲི་ཏུའུ་དུང་ཕྱུར1དང་སྐར་ཆ་1066“གི་སྤུས་ཚད་མཐོ་བར་འབར་རྒྱུ”མངོན་འགྱུར་བྱུང་ཞིང་། གོ་ལ་ཧྲིལ་པོའི་ལྗིད་ཤུགས་ཆེ་ཤོས་ཀྱི་ལྟེ་བྲལ་འཕྲུལ་འཁོར་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ཚད་རྡུལ་རྩིས་རྒྱག་ལྟེ་བའི་སྒྲིག་ཆས་ཁྱབ་ཁོངས་སུ་རང་བདག་ཚད་བརྒལ་གལ་ཆེན་བྱུང་བ། སྲ་གཟུགས་གློག་རྫས་ཀྱི་ལག་རྩལ་གསར་པས་ནུས་ཁུངས་གསར་པའི་རླངས་འཁོར་གྱི་རྒྱུན་མཐུད་ནུས་པ་སྤྱི་ལེ500ནས་སྤྱི་ལེ་1000བར་འཕར་དུ་བཅུག། 2025ལོར་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་ཨང་རིམ་ཁྲོད་ཀྲུང་གོ་སྔོན་གྱི་ཨང་བཅུ་བའི་གྲས་སུ་ཚུད།  ད་ལོའི་ཚུན་དུ། རང་རྒྱལ་གྱི་ཚན་རྩལ་གྲུབ་འབྲས་གལ་ཆེན་དག་འགག་གནད་ལས་སྒྲོལ་བར་ཟླ་རེ་བཞིན་ཡར་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད། མདུན་གྲལ་གྱི་ལག་རྩལ་དེ་ཚོད་ལྟ་ཁང་ནས་ཐོན་སྐྱེད་ཡུལ་དངོས་སུ་ལག་བསྟར་བྱས་ནས“གསར་གཏོད་བྱེད་ཤུགས”དེ་དངོས་ཐོག་གི་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བཞིན་ཡོད།

རྒྱལ་ཁབ་གོང་སྤེལ་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གསར་གཏོད་སྒུལ་ཤུགས་འཕེལ་རྒྱས་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆུས་ཝན་གྱིས་བཤད་རྒྱུར།

2025ལོ་ནི་ཐོན་སྐྱེད་ནུས་ཤུགས་གསར་པ་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བའི་གནད་འགག་གི་ལོ་ཞིག་ཡིན་པས། གྲུབ་འབྲས་གལ་ཆེན་དེ“གནད་གཅིག་གི་འགག་སྒྲོལ་”ནས“མ་ལག་ཐོལ་བྱུང་”བར་བསྒྱུར་བ་འདིས་རང་རེའི་རྒྱལ་ཁབ་དེ་མདུན་གྲལ་ཚན་རྩལ་ཁྱབ་ཁོངས་ནས་རྗེས་སྙེག་པ་ནས་མཉམ་རྒྱུག་བྱེད་པ།  དེ་ནས་སྣེ་ཁྲིད་པ་ནས་མཆོང་སྐྱོད་བྱེད་པའི་གོ་རིམ་དུ་སླེབས་པ་མཚོན་ཡོད། གསར་གཏོད་སྟོབས་ནུས་དེ་དཔལ་འབྱོར་གྱི་སྒུལ་ནུས་ཕྱོགས་སུ་མགྱོགས་མོར་སྒྱུར་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་བསྩལ་ཡོད་པར་བཤད་ཆོག

2025ལོའི་ཀྲུང་གོར་ཐོན་ལས་གསར་པ་གཅིག་ཏུ་འདུས་ཡོད། རང་རྒྱལ་གྱིས་གསར་སྤེལ་བྱས་པའི“མི་བཟོས་རྒྱ་མཚོའི་ཐཱན་འཁོར་རྒྱུག་མ་ལག་”དེས་མཚོ་ནང་གི་དབྱང་གཉིས་ཐཱན་འགྱུར་དེ་འགྱིག་རྫས་ཐོན་སྐྱེད་བྱེད་པའི“ལྷད་མེད་རྒྱུ་ཆར”བསྒྱུར་ཡོད།   སྐྱེ་དངོས་བཟོ་སྐྲུན་ཚོད་ལྟ་ཁང་ནས་ཐོན་པའི་ཐོན་ལས་གསར་པ་དེ་ད་ལོར་སྒོར་ཁྲག་ཆེན་ལ་ཉེ་བའི་ཐོན་ལས་ཆེན་པོ་ཞིག་ཏུ་གྱུར་ཡོད། རིག་ནུས་ཐོན་ལས50%ལས་བརྒལ་བའི་འཕར་ཚད་ཀྱིས་འཕེལ་རྒྱས་བྱུང་ནས། སྔོན་དཔག་བྱས་ན་ཁྲོམ་རའི་གཞི་ཁྱོན་གྱིས་གོ་ལ་ཧྲིལ་པོའི་བཅུ་ཆའི་གསུམ་བཟུང་ཡོད། ཚོང་ལས་མཁའ་སྐྱོད་ནས་དམའ་དབྱིངས་དཔལ་འབྱོར་དང་། རྒྱུ་ཆ་གསར་པ་ནས་ནུས་ཁུངས་གསར་པའི་བར། 2025ལོར་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཚོགས་པ་མྱུར་མོར་དར་རྒྱས་བྱུང་ནས་གཞི་ཁྱོན་གྱི་ཕན་འབྲས་དང་ཐོན་ལས་ཕྲེང་འབྲེལ་ཧྲིལ་པོའི་ལེགས་ཆ་རྒྱུན་མཐུད་ངང་མངོན་གསལ་དུ་གྱུར་ཡོད། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་དེ་ལོ་སྔོན་མའི་དུས་མཉམ་དང་བསྡུར་ན9.3%གྱིས་འཕར་ཡོད། གློག་སྒུལ་རླངས་འཁོར་དང་། འོད་རྟེན། ལིས་གློག་རྫས་བཅས“དཔེ་གསུམ་”ཐོན་རྫས་ཕྱིར་གཏོང་བྱེད་ཚད་གྲངས་གནས་གཉིས་ཀྱིས་འཕར་ཡོད་ལ། རང་རྒྱལ་གྱི་ཕྱིར་གཏོང་གྲངས་འབོར་ཡོངས་རྫོགས་ནང་འཕྲུལ་གློག་ཐོན་རྫས་དང་ལག་རྩལ་མཐོ་བའི་ཐོན་རྫས་ཀྱིས་བཟུང་བའི་བསྡུར་ཚད་བརྒྱ་ཆའི60ལས་བརྒལ་ཡོད།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ལས་འཛིན་པ་ལིའང་ཅིན་ཧུའེ་ཡིས་བཤད་རྒྱུར། ང་ཀྲུང་གོ་རུ་གསར་གཏོད་ཚོགས་པ་མང་པོར་འཕྲད། ང་ཚོའི་ཞིབ་འཇུག་བྱས་པ་ལྟར་ན། 50%ཉེ་བའི་མིས་བཟོས་རིག་ནུས་ཀྱི་ཆེས་ལེགས་པའི་ལག་ལེན་བྱེད་ས་དེ་ཀྲུང་གོ་ཡིན་ལ། མིས་བཟོས་རིག་ནུས་དེ་ཀྲུང་གོའི་ཁྱབ་ཁོངས་མང་པོ་ཞིག་གི་ཁྲོད་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད་ཟེར།

2025ལོའི་ཀྲུང་གོར་སྲོལ་རྒྱུན་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།  ངར་ལྕགས་བཟོ་གྲྭ་རྙིང་པས་ལག་རྩལ་གསར་པ་སྤྱད་དེ་སྔོན་ཆད་ཀྱི་བཟོ་ལས་ཁྲོད་ཀྱི་དུད་རླངས་དེ་ནུས་ཁུངས་གཙང་མ་རིགས་གསུམ་དུ་བསྒྱུར། འཁོར་རྟེན་བཟོ་གྲྭས་བཟོ་རྩལ་གསར་པ་ནང་འདྲེན་བྱས་ནས་འཕྲུལ་མིར་ལྷུ་ཚིགས་བཟོ་འགོ་ཚུགས། ད་ལོའི་ཚུན་ལ་གློག་ཤུགས་སྒྲིག་ཆས་དང་ཡང་བའི་བཟོ་ལས། རྡོ་སྣུམ་རྫས་འགྱུར་བཟོ་ལས། མདོག་ལྡན་ལྕགས་རིགས་སོགས་ལས་རིགས་ཀྱི་གྲངས་འཛིན་ཅན་གྱི་རྣམ་སྒྱུར་ཕན་འབྲས་མངོན་གསལ་ཡིན། ལྗང་མདོག་བཟོ་གྲྭའི་ཐོན་རྫས་རིན་ཐང་གིས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་ཁྲོད་བཟུང་བའི་བསྡུར་ཚད་བརྒྱ་ཆའི་20ལ་ཇེ་མཐོར་སོང་ཡོད་ཅིང་། གཞི་ཁྱོན་ཡན་གྱི་བཟོ་ལས་སྡེ་ཁག་གི་འཕར་ཐང་ནུས་ཁུངས་ཟད་གྲོན་བསྟུད་མར་མར་ཆག་པ་དང་། ཕྱོགས་བསྡུས་ནུས་ཁུངས་ཟད་གྲོན་སྤྱིའི་ཆ་ནས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད།

2025ལོའི་ཀྲུང་གོར་ལས་རྣམ་གསར་པ་དང་མ་དཔེ་གསར་པའི་གསོན་ཤུགས་ཕྱོགས་བཞིར་ཁྱབ་ཡོད། རྣང་ཞིང་དུ། བྱང་ཕྱོགས་ཀྱི་ས་རྒོད་མུའུ་བྱེ་བ་བཞི་དང་ས་ཡ་བརྒྱད་ལྷག་ལ་ལངས་གཟུགས་ཅན་གྱི་ཞིང་ལས་གནས་ཚུལ་གྱི་ལྟ་ཞིབ་ཚད་ལེན་མངོན་འགྱུར་བྱུང་ཡོད་པ་དང་། ཞིང་པས་ལག་འཁྱེར་ཁ་པར་བཀོལ་ནས་མི་མེད་གནམ་གྲུས་འདེབས་འཛུགས་དང་རིག་ནུས་ཆུ་འདྲེན་བྱེད་ཀྱིན་ཡོད། ད་ལོའི་ལོ་ལེགས་བསྡུ་བའི་དུས་ཚིགས་སུ། རྒྱལ་ནང་གི་ཆེས་ཆེ་བའི་མི་མེད་ཞིང་རའི་ཆུ་འབྲས་ལ་མཚོན་ན་ཆ་སྙོམས་ཀྱིས་མུའུ་རེའི་ཐོན་ཚད་སྤྱི་རྒྱ600སླེབས་ནས་ཡང་བསྐྱར་ཟིན་ཐོ་གསར་པ་བཏོད་ཡོད།

བཟོ་གྲྭ་རུ། བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་སྔར་བས་མང་པོས“བཟོ་སྐྲུན་དང་ཞབས་ཞུའི”ཕྱོགས་སུ་བསྒྱུར་ཏེ། ཐོན་ལས་རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་ཚད་སྔར་བས་མངོན་གསལ་དུ་ཕྱིན་ཡོད།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པར”ཁ་ཕྱོགས་ནས། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དེ་སྔར་བས་འབུར་ཐོན་ཡིན་པའི་འཐབ་ཇུས་ཀྱི་གནས་ཡུལ་དུ་བརྩིས་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་དང་དངོས་ཕུང་དཔལ་འབྱོར་རྨང་གཞིར་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་བདག་ཇེ་མགྱོགས་སུ་གཏོང་བ་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱས་ཚེ། ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕེལ་བར་རྫོགས་མཐའ་མེད་པའི་སྒུལ་ཤུགས་རྒྱུན་ཆད་མེད་པར་སྣོན་ཐུབ་ངེས་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།