ཟླ12པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧྥ་རན་སི་ཡི་སྲིད་འཛིན་མ་ཁི་ལུང་དང་གྲོས་མོལ་མཛད།
དགའ་བསུའི་མཛད་སྒོ་མཇུག་སྒྲིལ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སིའི་སྲིད་འཛིན་མ་ཁི་ལུང་དང་གྲོས་མོལ་མཛད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥ་རན་སི་ནི་མིག་རྒྱང་རིང་བ་དང་འགན་འཁུར་ཕོད་པའི་རང་བཙན་རང་བདག་གི་རྒྱལ་ཁབ་ཆེན་པོ་དང་འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་མཐུན་སྒྲིལ་མཉམ་ལས་སྐུལ་སྤེལ་གཏོང་བའི་སྟོབས་ཤུགས་ཡིན། མིག་སྔར། ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་ལ། མིའི་རིགས་སླར་ཡང་གར་འགྲོ་མི་ཤེས་པའི་ལམ་གྱི་བཞི་མདོ་རུ་ལངས་ཡོད། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་འགན་འཁུར་ཕོད་པ་དང་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་ནས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་དགོས། ཀྲུང་གོས་ཧྥ་རན་སི་ཕྱོགས་དང་མཉམ་དུ། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕུགས་རྒྱང་རིང་པའི་ཁེ་ཕན་ལ་དམིགས་ནས། འདྲ་མཉམ་གྱི་གླེང་མོལ་དང་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་དེ“ལོ་རྒན་དྲུག་བཅུ་གསར་པའི”ནང་སྔར་ལས་བརྟན་པོ་དང་སྔར་ལས་བཟང་པོ་ཡོང་བར་བྱ་དགོས། དེའི་འཐབ་ཇུས་ཀྱི་རིན་ཐང་གང་ལེགས་སྒོས་མངོན་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཕྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆེན་པོའི་འཐབ་ཇུས་ཀྱི་མིག་རྒྱང་དང་རང་བཙན་རང་བདག་མངོན་པར་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་ཆབ་སྲིད་རྨང་གཞིར་སྲུང་སྐྱོབ་བཟང་བོ་བྱེད་དགོས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོར་གྲོས་ཞིབ་བྱས་ཏེ། མ་འོངས་པའི་ལོ5ཀྲུང་གོའི་འཕེལ་རྒྱས་འཆར་གཞི་བཀོད་པར་མ་ཟད། འཛམ་གླིང་ལ“གོ་སྐབས་ཀྱི་གསལ་ཐོ”ཞིག་ཀྱང་མཁོ་འདོན་བྱས་ཡོད། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་གོ་སྐབས་དམ་འཛིན་དང་མཉམ་ལས་ཀྱི་བར་སྟོང་རྒྱ་བསྐྱེད་དགོས། མཁའ་འགྲུལ་དང་མཁའ་སྐྱོད། ཉིང་རྡུལ་ནུས་པ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དུ་གཏོང་བ་དང་། ལྗང་མདོག་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར། སྐྱེ་དངོས་སྨན་བཅོས། མིས་ཐབས་རིག་ནུས། ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སིའི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ནང་འདྲེན་བྱེད་འདོད་ཡོད་ལ། ཧྥ་རན་སིའི་ཁེ་ལས་སྔར་ལས་མང་པོ་ཀྲུང་གོར་ཡོང་ནས་འཕེལ་རྒྱས་སུ་གཏོང་བར་དགའ་བསུ་ཞུ། ཧྥ་རན་སི་ཕྱོགས་ཀྱིས་ཀྱང་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་གི་ཁོར་ཡུག་དང་སྔོན་དཔག་བརྟན་པོ་མཁོ་འདོན་བྱ་རྒྱུའི་རེ་བ་་ཡོད། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་སྔ་མོ་ནས་འབྲེལ་བ་བཟང་བོ་ཆགས་ཡོད་པས། རིག་གནས་དང་སློབ་གསོ། ཚན་རྩལ། ས་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མི་ཚུལ་སྤེལ་རེས་ཀྱི་ངོ་མཚར་ལེའུ་མུ་མཐུད་རྩོམ་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་ཞི་བདེ་མིན་པ་དང་རྩོད་གླེང་མང་བ། རྙོག་འཛིང་ཆེ་ལ་ཐག་གཅོད་དཀའ་བ་ཞིག་རེད། ཀྲུང་གོ་དང་ཧྥ་རན་སི་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་ཁོངས་ཞུགས་རྒྱལ་ཁབ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པས། དོན་དངོས་ཐོག་ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ནས། ཆབ་སྲིད་ཀྱི་ཐོག་ནས་རྩོད་གཞི་ཐག་གཅོད་དང་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་སྐུལ་འདེད་གཏོང་རྒྱུའི་ཐད་འབྲེལ་གཏུག་དང་རོགས་ལས་བྱེད་ཤུགས་ཆེ་རུ་བཏང་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། དེང་སྐབས། འཛམ་གླིང་ཐོག་ལྷོ་བྱང་བར་གྱི་འཕེལ་རྒྱས་དོ་མི་མཉམ་པ་དང་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིའི་ཁྲོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་མི་འདང་བ་སོགས་དོ་མི་མཉམ་པའི་གནད་དོན་མང་པོ་ཡོད་པས། རྒྱལ་ཁབ་ཁག་གིས་འགན་འཁྲི་མཉམ་འཁུར་དང་མཐུན་སྦྱོར་བྱས་ཏེ་བྱ་བ་སྒྲུབ་དགོས། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་སྔར་ལས་དྲང་སྙོམས་དང་དྲང་གཞག ལུགས་མཐུན་བཅས་ཡོང་བར་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཡོ་རོབ་བར་གྱི་ལོ50རིང་གི་འགྲོ་འོང་མཉམ་ལས་ཀྱིས་ཕན་ཚུན་ལ་ཁེ་ཕན་དང་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་ཁག་གི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་གཏིང་ཟབ་ཅིང་། སྒོ་འབྱེད་མཉམ་ལས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་ནས། “ཕན་ཚུན་འབྲེལ་བ་གཅོད་པ”དེས་རང་ཉིད་བཀག་སྡོམ་བྱས་པ་མཚོན་གྱིན་ཡོད། སྲུང་སྐྱོང་རིང་ལུགས་ཀྱིས་འཛམ་གླིང་གི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་གནད་དོན་ཐག་གཅོད་བྱེད་མི་ཐུབ་ཅིང་། དེ་ལས་ལྡོག་སྟེ་རྒྱལ་སྤྱིའི་ཉོ་འཚོང་གི་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་སྲིད་པ་རེད། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀས་རོགས་རེས་འབྲེལ་བའི་ངེས་གནས་རྒྱུན་འཁྱོངས་དང་སྒོ་འབྱེད་རྣམ་འགྱུར་རྒྱུན་བསྐྱངས་ནས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་དེ་རང་བཙན་རང་བདག་དང་མཉམ་ལས་གཉིས་ཕན་གྱི་ཡང་དག་པའི་ལམ་བུའི་སྟེང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱེད་དགོས་ཞེས་གསུངས།
མ་ཁི་ལུང་གིས་ཧྥ་རན་སི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་བཅོས་སྒྱུར་སྔར་ལས་འཐུས་ཚང་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྔར་ལས་དོ་སྙོམས་ཡོང་བར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བསམ་འཆར་ལ་མཐའ་གཅིག་ཏུ་མོས་མཐུན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་ལ་ཤུགས་བསྣན་ནས། རྒྱལ་ཁབ་ཆེན་པོའི་འགན་འཁྲི་མཉམ་འཁུར་དང་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ། མིས་ཐབས་རིག་ནུས་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན།