ཟླ12པའི་ཚེས1ཉིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མངའ་ཁོངས་ཀྱི་རྒྱལ་ལམG214རྒྱུད་ཀྱི་ལྕགས་ཁ་ནས་སྤང་མདའ་གནམ་གྲུ་ཐང་དབར་གྱི་གསར་སྐྲུན་བསྐྱར་སྐྲུན་ལས་གཞི་དངོས་སུ་ལས་མགོ་རྩོམ་པའི་མཛད་སྒོ་སྤེལ་བ་རེད།
རྒྱལ་ལམG214རྒྱུད་ཀྱི་ཆབ་མདོ་ནས་ལྕགས་ཁའི་མཚམས་ཀྱི་དུས་ཐེངས་དང་པོའི་ལས་གཞི་སྣུར་སྲིང་བྱས་པའི་ཆ་ནས། ཐེངས་འདིའི་རྣམ་གྲངས་འཛུགས་སྐྲུན་ནང་བསྐྲུན་ཟིན་པའི་རྒྱལ་ལམG214རྒྱུད་ཀྱི་ཆབ་མདོ་ནས་ལྕགས་ཁའི་མཚམས་ཀྱི་ལམ་དུམ་སྤྱི་ལེ27.1དང་སྦྲེལ་མཐུད་བྱས་ཏེ། སྤྱིའི་རིང་ཚད་ལ་སྤྱི་ལེ97.8ཡོད་པའི་གནམ་གྲུ་ཐང་གི་མཐོ་རིམ་གཞུང་ལམ་བསྐྲུན་པ་དང་། བོད་ཤར་རྒྱུད་ཀྱི་མཐོ་སྒང་འགྲིམ་འགྲུལ་འཛུགས་སྐྲུན“མྱུར་བགྲོད་དུས་རབས”སུ་སླེབས་ཡོད།
རྒྱལ་ལམG214རྒྱུད་ཀྱི་ལྕགས་ཁ་ནས་སྤང་མདའ་གནམ་གྲུ་ཐང་དབར་གྱི་གསར་སྐྲུན་བསྐྱར་སྐྲུན་ལས་གཞི་ནི་ཆབ་མདོ་གྲོང་ཁུལ་དང་སྤང་མདའ་གནམ་གྲུ་ཐང་སོགས་སྦྲེལ་བའི་འགྲིམ་འགྲུལ་འགག་རྩའི་སྦྲེལ་མཐུད་འགྲོ་ལམ་གལ་ཆེན་ཞིག་དང་། ཆབ་མདོ་གྲོང་ཁྱེར་གྱི་བྱང་རྒྱུདG317ལམ་ཐིག་གི་དཔལ་འབྱོར་ཁུལ་དང་ལྷོ་རྒྱུདG318ལམ་ཐིག་གི་དཔལ་འབྱོར་ཁུལ་སྦྲེལ་བའི་འགྲིམ་འགྲུལ་མ་ལམ་གལ་ཆེན་ཞིག་ཀྱང་ཡིན་པས། དེ་ནི“ཆ་ཚང་བའི་མྱུར་བགྲོད་གཞུང་ལམ”གྱི་དམིགས་འབེན་མངོན་འགྱུར་ཡོང་བའི་གནད་འགག་གི་གོམ་པ་གཅིག་ཡིན།
ད་ལྟ་ལས་མགོ་རྩོམ་པའི་དུས་ཐེངས་གཉིས་པའི་ལས་གཞི་སྤྱིའི་རིང་ཚད་ལ་སྤྱི་ལེ70.79ཡོད་པ་དང་། རྣམ་གྲངས་ཀྱི་གཙོ་ཐིག་ནང་ཟམ་པ38དང་ཕུག་ལམ21སྐྲུན་འཆར་ཡོད་པ་དང་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད68%ལ་སླེབས་པ། དེ་དང་དུས་མཉམ་དུ་སོ་སྣར་གྲོང་ཚོ་དང་སྤང་མདའ་གནམ་གྲུ་ཐང2སུ་ཕན་ཚུན་འབྲེལ་མཐུད་ཅན་གྱི་ལངས་གཟུགས་སྣོལ་བའི་ཟམ་པ་དང་དཀྱིལ་ཐང་སྦྲེལ་མཐུད་ལམ་ཐིག་བསྐྲུན་པ། དེའི་ཁྲོད་བསྟུད་མར་སྤྱི་ལེ་བདུན་མཚམས་ཀྱི་དུང་དཀར་འཁྱིལ་བ་ལྟ་བུའི་ཕུག་ལམ་ཚོམས་ཀྱིས་ཨར་སྐྲུན་ལག་རྩལ་ལ་སྔར་ལས་ཚོད་བགམ་ཆེན་པོ་བྱ་ངེས། བསྡོམས་པས་མ་འཇོག་སྒོར་དུང་ཕྱུར84.83གཏོང་རྩིས་ཡོད་པའི་རྣམ་གྲངས་འདིའི་མཐོ་རིམ་གཞུང་ལམ་གྱི་འཛུགས་སྐྲུན་ཚད་གཞི་ལྟར་དུས་ཡུན་ལོ3རིང་ཨར་སྐྲུན་བྱ་རྒྱུ་ཡིན་ལ། སྐྲུན་ཚར་རྗེས་རྒྱལ་ལམG214རྒྱུད་ཀྱི་ཆབ་མདོ་ནས་ལྕགས་ཁའི་མཚམས་ཀྱི་དུས་ཐེངས་དང་པོའི་ལས་གཞིར་སྦྲེལ་མཐུད་བྱས་ཏེ། རྒྱལ་ལམG214རྒྱུད་ཀྱི་ཆབ་མདོ་ནས་སྤང་མདའ་གནམ་གྲུ་ཐང་དབར་གྱི་མཐོ་རིམ་གཞུང་ལམ་ཆ་ཚང་གྲུབ་པ་རེད།
ཀྲུང་གོའི་འགྲིམ་འགྲུལ་འཛུགས་སྐྲུན་ཅུས་དང་པོ་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཆབ་མདོའི་ཨར་ལས་ལམ་དུམ་གཉིས་པའི་སྤྱི་གཉེར་པ་གཞོན་པ་ཧྲོ་ཐོང་གིས་ངོ་སྤྲོད་བྱས་པ་ལྟར་ན། ང་ཚོས་ཆེས་ཕུལ་དུ་བྱུང་བའི་དོ་དམ་དཔུང་སྡེ་བཀོད་སྒྲིག་བྱས་ཡོད་ཅིང་། གོ་རིམ་ཧྲིལ་བོར་ཁོར་སྲུང་དོ་དམ་ཚོད་འཛིན་ལེགས་པོར་སྒྲུབ་པ། རྣམ་གྲངས་ཀྱི་དེང་ཚད་ལས་བརྒལ་བའི་ས་གཤིས་སྔོན་བརྡ་དང་རིག་ནུས་བཟོ་སྐྲུན་ལག་རྩལ་སྤྱད་དེ་འགུལ་རྣམ་སྒོས་ཨར་ལས་ཇུས་གཞི་ལེགས་སྒྲིག་བྱེད་པ། དེ་དང་ཆབས་ཅིག“རིག་སྟོབས་ལས་ཡུལ”ལས་སྟེགས་ལ་བརྟེན་ནས་ཁོངས་ཡོངས་དོ་དམ་མངོན་འགྱུར་བྱུང་ཡོད་པས། རྣམ་གྲངས་དེ་བདེ་འཇགས་དང་སྤུས་དག ཁོར་སྲུང་གི་སྤུས་ལེགས་ལས་གཞིར་བསྐྲུན་པར་ཡིད་ཆེས་ཆེན་པོ་ཡོད།
“ཕྱིན་ཆད་ཕྱི་རོལ་ལ་འགྲོ་བར་རི་ཀླུང་བརྒལ་མི་དགོས་པ་མ་ཟད། ད་དུང་ཐག་ཉེ་སར་ཡོང་འབབ་རག་ཐུབ”གཞུང་ལམ་གསར་པ་འདི་བླངས་པའི་ཚེ། ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་དབའ་ཡོ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་བློ་བཟང་བྱམས་པས་སེམས་འགུལ་ཐེབས་ནས་བཤད། ཁོང་གིས་མིག་ལམ་དུ་གཞུང་ལམ་འདི་ནི“སྟབས་བདེའི་ལམ”ཞིག་ཡིན་པ་མ་ཟད། དེ་བས་ཀྱང“ཕྱུག་འགྱུར་ལམ”ཞིག་རེད། “གོ་ཐོས་བྱུང་བ་ལྟར་ན་གྲོང་ཚོ་ནས་མྱུར་བགྲོད་གཞུང་ལམ་དུ་ཞུགས་ནས་ཆུ་ཚོད་གཅིག་རིང་སྤང་མདའ་གནམ་གྲུ་ཐང་དུ་ཐོན་པ་དང་། སྔོན་ཆད་ལས་ཆུ་ཚོད་ཕྱེད་ཀའི་ཇེ་ཐུང་དུ་ཕྱིན་ཡོད། ཕྱིན་ཆད་གྲོང་མིས་བརྐོས་པའི་དབྱར་རྩྭ་དགུན་འབུ་འཕྲལ་མར་གྲོང་ཁུལ་དུ་དབོར་བ་དང་ས་ཆ་གཞན་དག་ཏུ་བཙོངས་ཐུབ་པས། འཚོ་བར་སྔར་ལས་རེ་ལྟོས་ཆེན་པོ་ཡོད་ངེས་སོ”ཞེས་བཤད།
“རྣམ་གྲངས་སྐྲུན་ཚར་རྗེས་ཆབ་མདོའི་གྲོང་ཁུལ་གཙོ་བོ་དང་དཔལ་འབྱོར་གསར་སྤེལ་ཁུལ། སྤང་མདའ་གནམ་གྲུ་ཐང་། ཆབ་མདོའི་མེ་འཁོར་འབབ་ཚུགས་བཅས་སྦྲེལ་མཐུད་ནུས་ལྡན་བྱས་ཏེ། དངོས་གནས‘གནམ་ས་གཞི་གཅིག’གི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བ་ཆགས་པ་རེད”ཆབ་མདོ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཏང་ཙུའུ་ཁོངས་མིའམ་ཅུས་ཀྲང་གཞོན་པ་བློ་བཟང་དགེ་འདུན་གྱིས་རྗེས་མར་ཆབ་མདོ་གྲོང་ཁྱེར་གྱིས་གཞུང་ལམ་འདི་སྣུར་སྲིང་བྱས་ཏེ། འཆར་འགོད་ཁྲོད་ཀྱིG214རྒྱུད་ཀྱི་སྤང་མདའ་གནམ་གྲུ་ཐང་ནས་སྤང་མདའ་གྲོང་རྡལ་བར་སྦྲེལ་མཐུད་བྱེད་པ་དང་། མཇུག་མཐར་བྱང་རྒྱུད་ཀྱིG4217དང་ལྷོ་རྒྱུད་ཀྱིG4218ལ་སྦྲེལ་མཐུད་བྱས་ནས“འཕྲེད་འབྲེལ་གཉིས་དང་གཞུང་འབྲེལ་གཅིག”གི་མྱུར་བགྲོད་གཞུང་ལམ་གྱི་སྒྲོམ་གཞི་གཙོ་བོ་སྐྲུན་འཆར་ཡོད། སྐབས་དེར་མང་ཚོགས་ཀྱི་ཕྱིར་སྐྱོད་ལ་སྟབས་བདེ་བཟོས་པ་མ་ཟད། ད་དུང་ཉེ་འཁོར་རྫོང(ཆུས)གི་ཡུལ་སྐོར་ཐོན་ཁུངས་དང་ཞིང་ལས་ཁྱད་ལྡན་ཐོན་རྫས་གསར་སྤེལ་ལ་ཐད་ཀར་སྐུལ་ཁྲིད་བྱས་ཏེ། ཆབ་མདོའི“3+1+1”ཐོན་ལས་འཕེལ་རྒྱས་མ་ལག་ལ་སྒུལ་ཤུགས་ཆེན་པོ་སྣོན་པ་དང་། ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་ཐུབ། །