ཕུལ་བྱུང་བཟོ་སྐྲུན་པ་ཆེན་མོ་གསོ་སྐྱོང་བཅོས་སྒྱུར་གྱི་བཞུགས་མོལ་ཚོགས་འདུ་ཚེས4ཉིན་གྱི་ཕྱི་དྲོར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་།
ཏིང་ཞུའེ་ཞང་གིས་བཟོ་སྐྲུན་པ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་པའི་སྟོབས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟོ་སྐྲུན་ལག་རྩལ་གྱི་འཇོན་མི་གསོ་སྐྱོང་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ནས། གཞི་ཁྱོན་ཆེ་བའི་ཕུལ་བྱུང་བཟོ་སྐྲུན་པའི་དཔུང་སྡེ་མགྱོགས་མྱུར་ངང་བསྐྲུན་དགོས། ཉེ་བའི་ལོ་འདི་དག་གི་རིང་། ཕུལ་བྱུང་བཟོ་སྐྲུན་པ་ཆེན་མོ་གསོ་སྐྱོང་དང་བཅོས་སྒྱུར་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། ཐོན་སློབ་ཞིབ་གསུམ་གྱིས་མཉམ་དུ་མི་གསོ་སྐྱོང་བྱེད་པར་སྐུལ་འདེད་བཏང་བ་དང་། བཟོ་སྐྲུན་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་ཡོད་ལ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་བསྐངས་བར་སྐུལ་འདེད་བཏང་ཡོད་ཅེས་གསུངས།
ཏིང་ཞུའེ་ཞང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་མ་འོངས་ལོ་ལྔའི་རིང་གི་རང་རྒྱལ་གྱི་འཕེལ་རྒྱས་ལ་འཆར་གཞི་བཀོད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་འཇོན་མིའི་སྟོབས་ཤུགས་འཛུགས་སྐྲུན་གང་མགྱོགས་སྒོས་སྒྲུབ་པར་བཀོད་སྒྲིག་གལ་ཆེན་གནངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། སློབ་གསོ་དང་ཚན་རྩལ་འཇོན་མི་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བའི་བླང་བྱ་དོན་འཁྱོལ་དང་། ཕུལ་བྱུང་བཟོ་སྐྲུན་པ་གསོ་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་སྟེ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ། འཇོན་མིའི་སྟོབས་ལྡན་རྒྱལ་ཁབ་བཅས་འཛུགས་སྐྲུན་བྱེད་པར་ནུས་ལྡན་ངང་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཞེས་གསུངས།
ཏིང་ཞུའེ་ཞང་གིས་གསོ་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་མཐོ་རིམ་སློབ་ཆེན་དང་ཁེ་ལས་རྩེ་གྲ་སྔར་ལས་མང་པོ་འདིའི་ཁྲོད་དུ་ཞུགས་ནས་སྤྱི་ཡོངས་ཀྱི་གསོ་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་དགོས་ལ། གསོ་སྐྱོང་གི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་དང་བཟོ་སྐྲུན་འཛུགས་སྐྲུན་གྱི་དགོས་མཁོར་རྩེ་གཅིག་ཏུ་དམིགས་ནས་སྔར་ལས་མང་བའི་དགོས་མཁོ་ཁྱབ་ཁོངས་རྒྱ་སྐྱེད་གཏོང་དགོས། ཚད་གཞིའི་སྣེ་ཁྲིད་དང་སྲིད་ཇུས་ཀྱི་འགན་ལེན་ལ་ཤུགས་བསྣན་ནས་མཛུབ་སྟོན་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཐོན་ལས་དང་སློབ་ཆེན་ཞིབ་འཇུག་སྡེ་ཁག་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། གསོ་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཇེ་ཆེར་གཏོང་དགོས། འབྲེལ་ཡོད་སྡེ་ཁག་གིས་རང་འགན་གཙང་སྒྲུབ་བྱས་ཏེ། མཐོ་རིམ་སློབ་གྲྭས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་འཁུར་དགོས་པ་དང་། ཁེ་ལས་ཀྱིས་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱས་པ་བརྒྱུད། ཕུལ་བྱུང་བཟོ་སྐྲུན་པ་གསོ་སྐྱོང་ཐད་མུ་མཐུད་ནས་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
བཞུགས་མོལ་ཚོགས་འདུའི་ཐོག་འབྲེལ་ཡོད་སྡེ་ཁག་དང་ས་གནས། ཁེ་ལས། མཐོ་རིམ་སློབ་ཆེན་བཅས་ཀྱི་འགན་འཁུར་བ་དང་དགེ་སློབ་ཀྱི་འཐུས་མིས་གཏམ་བཤད།