ནམ་ཡང་ཁོམ་ལོང་མེད་པའི་མགོ་ལོག་འབྲོག་མོ། ལྷོ་པ་འགྱུར་མེད་རྡོ་རྗེ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

——སྒྲུང་མ་དུར་བཟའ་སྟོང་ཉིད་ཆོས་སྒྲོན་ལ་བཅར་འདྲི་བྱས་པ།

སྤྱི་རྩིས༢༠༡༨ལོའི་ཟླ་དགུ་བའི་ཚེས་ལྔ་ཉིན།ང་རང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་དུ་སོང་ནས་སྒྲུང་མ་དུར་བཟའ་སྟོང་ཉིད་ཆོས་སྒྲོན་ལགས་ལ་བཅར་འདྲི་བྱས་ཤིང་།གནས་ཚུལ་རགས་བསྡུས་ཟིན་བྲིས་སུ་བཏབ་པ་ཡིན་མོད།ཉིན་དེར་པད་མ་རྫོང་དུའང་འགྲོ་དགོས་ཕྱིར་དུས་ཚོད་སྐར་མ་སུམ་ཅུ་ཙམ་གྱིས་བཅར་འདྲིའི་མཇུག་རྫོགས་པར་བྱ་དགོས་བྱུང་།སྐབས་དེར་ཟིན་བྲིས་བཏབ་པའི་གནས་ཚུལ་ལས་ཧ་ཅང་མདོར་བསྡུས་ཤིག་བཀོད་ན་འདི་ལྟ་སྟེ།

ངའི་མིང་ལ་དབང་མོ་ཟེར་བ་དང་།རང་ལོ་ཉི་ཤུ་རྩ་བདུན་རྩ་བརྒྱད་ཙམ་ལ་ང་ཚོའི་ལུང་སྔོན་དགོན་པའི་མཁན་པོ་པདྨ་འོད་འབར་ཚང་གིས་ཁྱོད་ནི་དགེ་བའི་ཆོས་ལ་ཧ་ཅང་དགའ་བས་མིང་ཡང་སྟོང་ཉིད་ཆོས་སྒྲོན་ཞེས་བཏགས་ན་བཟང་ཞེས་གསུངས་པས་མིང་བརྗེས་པ་ཡིན།   ད་ལྟ་ལ་ལས་དུར་བཟའ་དབང་མོ་དང་ལ་ལས་སྟོང་ཉིད་ཆོས་སྒྲོན་ཞེས་འབོད་ཀྱིན་ཡོད།ང་ནི་སྤྱི་རྩིས་ལྟར་ན༡༩༧༦ལོའི་ཟླ་བཅུ་བའི་ཚེས་གཅིག་ཉིན་སྐྱེས་པ་ཡིན། ཕ་ཡུལ་ནི་མགོ་ལོག་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་གྱི་དུར་བུད་ཅེས་པའི་འབྲོག་སྡེ་དེ་ཡིན།ད་ལྟ་རང་ལོ་བཞི་བཅུ་ཞེ་ལྔར་སོན་པ་དང་།ང་ལ་མིང་སྲིང་བཅུ་ལྷག་ཡོད་པ་དང་ང་ནི་དེའི་ཁྲོད་ཀྱི་བཞི་བ་ཡིན།སྤུན་ཆེ་བ་སློབ་གྲྭ་འགྲིམས་ནས་གཞུང་ཞབས་པའི་གྲས་སུ་ཚུད་ཡོད་པ་དང་།སྤུན་གཉིས་པ་དེ་སློབ་གྲྭ་མ་སོང་ཡང་ད་ལྟ་རིག་གནས་ལ་མཁས་པ་ཞིག་ཏུ་གྱུར་ཡོད།ང་རང་ཆུང་དུས་ནས་ཕྱུགས་རྫི་ཡིན་པས་སློབ་གྲྭར་འགྲོ་མ་མྱོང་མོད།ངའི་ཕ་རྒན་ནི་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་ཧ་ཅང་དགའ་བས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་བ་དང་།རང་གིས་བོད་ཡིག་རང་སྦྱོང་བྱས་ནས་སྒྲུང་དཔེ་ལ་བལྟས་པས་ཀ་ཁའི་ཡིག་ངོ་ཟིན་སོང་།ལོ་བཅུ་དྲུག་བཅུ་བདུན་ཙམ་ནས་བཟུང་སྒྲུང་ཡིག་ཐུང་ངུ་བྲི་མགོ་བརྩམས།ངས་བྲིས་ནས་པར་དུ་བསྐྲུན་ཟིན་པའི་སྒྲུང་དཔེ་ནི་ནུབ་གངས་རི་ཤེལ་རྫོང་ཕབ་པའི་གཏམ་ངོ་མཚར་ཉམས་ཀྱི་རོལ་རྩེད་མཆོག་གསུམ་དགྱེས་པའི་བསྟོད་དབྱངས་དགྲ་བླ་ཝེར་མའི་མཆོད་སྤྲིན་ཞེས་པ་དེ་ཡིན་ལ།  ད་ལྟ་འབྲི་བཞིན་པའི་སྒྲུང་ཡིག་གི་མིང་ལ་རིག་གསུམ་དགྱེས་པའི་སྙན་ཚིག་ལས་ཀྱི་མཁའ་འགྲོའི་རྒྱལ་གླུ་ཞེས་ཟེར་ཞིང་།སྒྲུང་ཧྲིལ་བོ་ལེའུ་བཅོ་ལྔ་རུ་བཀར་ནས་འབྲི་བཞིན་ཡོད་མོད།ད་ལྟ་ལེའུ་བདུན་བརྒྱད་ཙམ་ལས་བྲིས་མེད།དེའི་བརྗོད་བྱ་གཙོ་བོ་ནི་མེ་བཟའ་འབུམ་སྐྱིད་ཀྱི་མ་ཡུམ་བྱང་བཟའ་སྟོང་ཉིད་ལྷ་སྐྱིད་དང་ཡབ་མེ་རྗེམཚལ་དམར་རྒྱལ་པོ་གཉིས་ཀྱི་ལོ་རྒྱུས་བརྗོད་པ་ནས་མགོ་བཙུགས་ཏེ། མེ་བཟའ་འབུམ་སྐྱིད་མོ་རང་འཁྲུངས་པ་དང་ནར་སོན་པ་སོགས་སྐུ་ཚེ་གང་བོའི་རྣམ་ཐར་ཅུང་གསལ་བོ་ཞིག་བྲི་བསམ་པ་ཡིན།གལ་ཏེ་ལས་ཀ་སོགས་གྱིས་བར་ཆད་ཅི་ཡང་མ་བཟོས་ཚེ་ངས་ཟླ་བ་གཅིག་ཙམ་གྱིས་སྒྲུང་དེ་བྲིས་ཚར་ཐུབ་སྙམ་མོད།ངའི་ཁྱོ་ག་ན་ནིང་ཚེ་ལས་འདས་པས་སྒོ་ཕྱི་ནང་གིས་ལས་ཀ་ཆེ་ཆུང་ཐམས་ཅད་ང་གཅིག་པུས་བསྒྲུབ་དགོས་ཏེ།ཉིན་རེའི་དུས་ཚོད་ནི་ཅི་ལྟར་འདས་ཚར་བའང་མི་ཤེས་པ་འདྲ།ང་ལ་གཞན་གྱིས་བསྐུལ་ན་མ་གཏོགས་སྒྲུང་གསར་བ་བྲི་རྒྱུ་སེམས་ལ་མི་དྲན མི་གཞན་ཞིག་གིས་གླིང་སྒྲུང་ལས་མི་སྣ་འདིའི་སྐོར་དང་གན་གྱི་སྐོར་ནས་སྒྲུང་ཡིག་ཞིག་བྲི་རོགས་ཞེས་བསྐུལ་ཚེ་ཐོགས་མེད་དུ་བྲི་ཐུབ།   དུས་རྒྱུན་དུ་སྒྲུང་ཡིག་བྲི་དགོས་བསམ་ནའང་ཅི་ཡང་མི་དྲན་མོད།སྨྱུ་གུ་ལག་ཏུ་བཟུང་མ་ཐག་སྒྲུང་གང་ཞིག་ཡིན་ཡང་སེམས་སུ་ཤར་ནས་ཡི་གེར་ཕབ་རྒྱུ་ཡོད་ལ།འབྲི་མཚམས་བཞག་ནས་ཁྱིམ་ནང་གི་ལས་ཀ་དང་ཕྱུགས་ལྷས་ཀྱི་ལས་ཀ་རྣམས་ལས་ཚར་ནས་ཉིན་འགའ་འམ་ཡང་ན་ཟླ་འགའི་རྗེས་སུ་མུ་མཐུད་དུ་བྲིས་ནའང་མི་སྣ་དང་གཏམ་རྒྱུད་ཀྱི་བྱུང་རིམ་སོགས་སྔ་གཞུག་གི་གོ་རིམ་ལ་ནོར་བ་འབྱུང་མི་སྲིད།ངའི་སྒྲུང་ཡིག་དང་གཞན་གྱི་སྒྲུང་ཡིག་གཉིས་ཀའི་མི་འདྲ་ས་གཙོ་བོ་ནི་ངའི་སྒྲུང་ཡིག་ནང་དུ་གཏམ་དཔེ་ཤིན་ཏུ་ཉུང་།དེ་ཡང་ངས་བསམ་གཟས་ནས་གཏམ་དཔེ་མ་བྲིས་པ་མིན་པར།སྐབས་རེར་གཏམ་དཔེ་ཞིག་དྲངས་ཏེ་ཚིག་གི་བར་དུ་བཞག་ན་ཡག་སྙམ་ཡང་སེམས་སུ་ཅི་ཡང་མི་དྲན་ལ།སྒྲུང་དཔེ་གཞན་ལ་བལྟས་ནས་གཏམ་དཔེ་ཞིག་གཡར་ནས་བྲི་དགོས་བསམ་དུས་ངའི་སེམས་སུ་སྒྲུང་དེའི་ནང་དོན་དྲན་རྒྱུ་མེད་ལ་བྲི་མི་ཤེས་པ་ལྟ་བུར་གྱུར་འགྲོ་བས།སྒྲུང་འབྲི་དུས་དཔེ་ཆ་གཞན་ལ་བལྟ་རྒྱུར་འཛེམས་དགོས་པ་ཞིག་རེད།ངས་སྒྲུང་ཞིག་བྲིས་ཚར་བའི་རྗེས་སུ་སྒྲུང་དེའི་བརྗོད་བྱ་ཡིད་ལ་རབ་རིབ་ཙམ་ལས་མི་དྲན་པས་རང་གི་སྒྲུང་དཔེ་ལ་རང་གིས་དངོས་སུ་བལྟ་དགོས་པར་འདུག་གོ།

གོང་གི་ནང་དོན་འདི་ཙམ་ས་བོན་བྱས་ནས་སྒྲུང་མ་ཞིག་གི་གནས་ཚུལ་ཅུང་གསལ་བོར་སྟོན་ཐུབ་པའི་རྩོམ་ཡིག་ཅིག་བྲི་དགོས་ན།ངས་དེང་རབས་ཀྱི་སྒྲུང་གཏམ་མམ་བརྩམས་སྒྲུང་ཟེར་བ་དེ་འདྲ་ཞིག་རྟོགས་བཟོ་བྱ་རྒྱུ་ལས་ཐབས་མེད་པས།དེའི་རྗེས་ཀྱི་གནས་ཚུལ་ཅུང་ཞིབ་གསལ་ཤེས་པར་འདོད་དེ། སྤྱི་རྩིས༢༠༢༠ལོའི་ཟླ་དགུ་བ་ནས་བཟུང་།ངས་སྟོང་ཉིད་ཆོས་སྒྲོན་ལགས་ལ་འཕྲིན་ཕྲན་གྱི་ལམ་ནས་བཅར་འདྲི་བྱས་ཀྱང་།དྲི་བ་རེ་རེ་ལ་མོས་ལན་བཏབ་པ་ཐམས་ཅད་ལམ་སེང་ཡིག་ངོར་ཕབ་མ་ཐུབ་པས། ལོ་སར་གྱི་སྐབས་སུ་ངས་མཉམ་མ་བཞག་པར་འཕྲིན་ཕྲན་ནང་དུ་ཉར་ཡོད་པའི་ནང་དོན་སྐོར་ཞིག་བསུབས་ཚར་ལ།དེའི་ཁྲོད་དུ་བཅར་འདྲིའི་གནས་ཚུལ་སྐོར་ཞིག་ཀྱང་འདུས་པ་རེད། ད་ནི་ངས་ད་དུང་བསུབས་མི་འདུག་པའི་ནང་དོན་དང་།སྒྲུང་མ་དུར་བཟའ་སྟོང་ཉིད་ཆོས་སྒྲོན་ལགས་ཀྱིས་ཡང་བསྐྱར་བཤད་པ་དེ་ཐམས་ཅད་ཡི་གེར་ཕབ་ནས་འདིར་བཀོད་པ་ཡིན།  

སྤྱི་རྩིས༢༠༢༠ལོའི་ཟླ་དགུ་བའི་ཚེས་གཉིས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་དང་སྐར་མ་སོ་གསུམ་གྱི་སྐབས་སུ།ངས་འཕྲིན་ཕྲན་ལས་སྒྲུང་མ་དུར་བུད་སྟོང་ཉིད་ཆོས་སྒྲོན་ལགས་ལ་འབྲེལ་གཏུགས་བྱེད་དུས།མོས་བཤད་རྒྱུར།ང་རང་ཆུང་དུས་ལོ་ལྔ་དྲུག་གི་སྐབས་ནས་བཟུང་འཛམ་གླིང་གེ་སར་རྒྱལ་པོ་ལ་དད་པ་དབང་མེད་དུ་སྐྱེས་བྱུང་བ་དང་།སྐྱབས་མཆོག་ཁོང་ཉིད་ཡིད་ལ་དྲན་ཐེངས་རེར་མིག་ནས་མཆི་མ་བཞུར་ཀྱིན་འདུག       གླིང་གི་དཔའ་རྟུལ་དང་ཧོར་བདུད་མོན་འཇང་སོགས་རྒྱལ་ཁག་གཞན་གྱི་མི་སྣ་དེ་དག་ཀྱང་རྒྱུན་དུ་སེམས་སུ་དྲན་གྱིན་ཡོད་པ་དང་།བག་ཆགས་ཅུང་ཟབ་མོ་ཞིག་ཡོད་འདུག   སྒོས་སུ་མེ་བཟའ་འབུམ་སྐྱིད་ཀྱི་སྣང་བརྙན་དུས་རྒྱུན་ཡིད་ལ་ཤར་ཡོང་བ་མ་ཟད།ཁོང་གི་སྐོར་གྱི་སྒྲུང་དང་གཏམ་རྒྱུད་ཀྱང་སེམས་སུ་དྲན་ཐུབ་པ་བྱུང་བས།ཀུན་གྱིས་བདུད་མོ་མེ་བཟའ་འབུམ་སྐྱིད་ཅེས་འབོད་པའི་ཁོ་མོའི་སྒྲུང་བྲི་རྒྱུའི་འདུན་པ་དྲག་པོ་སྐྱེས་བྱུང་།སྒྲུང་དཔེ་ལ་ལའི་ནང་དུ་བདུད་མོ་མེ་བཟའ་ཞེས་བྲིས་འདུག་མཐོང་སྐབས་དང་།ད་ལྟའི་སྐྱེ་བོ་ཁ་ཤས་ཀྱིས་བདུད་མོ་མེ་བཟའ་འབུམ་སྐྱིད་ཅེས་ཟེར་བ་ཐོས་དུས།ངའི་སེམས་སུ་མི་དགའ་བའི་ཚོར་བ་སྐྱེས་འོངས་ཤིང་།ཁོང་ལ་དུངས་པའི་དབང་གིས་སམ་གཞན་ཅི་ཡིན་མི་ཤེས་མོད་ང་ལ་རྒྱུན་དུ་རང་ཉིད་ས་ཆ་མི་སྡུག་པ་དང་འཇིགས་སུ་རུང་བའི་ཁོར་ཡུག་རྩུབ་པོའི་གནས་སུ་སྐྱོད་བཞིན་པའི་སྣང་བ་འབྱུང་གིན་འདུག་ཅེས་བཤད་བྱུང་།

དེ་ནས་ཡང་མོས་བཤད་རྒྱུར།ངས་ཐོག་མར་སྒྲུང་པ་གཞན་ཞིག་ངོ་སྤྲོད་བྱ་འདོད་དེ།ཁོང་ནི་ཨ་ཁུ་ལོ་ལོན་ཞིག་ཡིན་ལ།འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་མང་པོ་བཤད་ཤེས་པ་མ་ཟད།སྒྲུང་མང་པོ་བྲི་རྒྱུ་ཡོད་པ་རེད།ཁོང་གི་མཚན་ལ་པདྨ་བཟང་པོ་ཞེས་འབོད་པ་ཡིན་ཞེས་ཟེར།

པད་མ་བཟང་པོ་ལགས་ནི་ངས་སྤྱི་རྩིས༢༠༢༡ལོའི་ཟླ་དགུ་བའི་ནང་དུ་མགོ་ལོག་རྟ་བོར་གྲོང་རྡལ་ནས་གསར་དུ་ངོ་ཤེས་པའི་སྒྲུང་པ་ཞིག་ཡིན་ཏེ།ཁོང་གི་ཕ་ཡུལ་ནི་དགའ་བདེ་རྫོང་ཁོ་ཆུ་གྲོངས་རྡལ་གྱི་དུར་བུད་གྲོང་སྡེ་ནས་རེད།ཉིན་དེར།ཁོང་གིས་ཕབ་པའི་སྒྲུང་སེམས་ཉིད་ཆོས་རྫོང་ཞེས་པའི་དཔེ་དེབ་དེ་ངའི་ལག་ཏུ་སོན་བྱུང་བ་དང་།ང་ཚོས་མགོ་ལོག་ཁུལ་རིག་གནས་ཁང་དང་མགོ་ལོག་གེ་སར་རིག་གནས་རྟེན་མཛོད་ཁང་དུ་གེ་སར་རིག་གནས་སྐོར་ལ་རྟོག་དཔྱོད་བྱེད་དུས་ཕན་ཚུན་ཐོག་དང་པོར་ངོ་ཤེས་ནས་ཁ་བརྡ་བྱས་པ་ཡིན།དེ་ཡང་སྒྲུང་པ་ཁོང་ནི༡༩༥༢ལོར་སྐྱེས་པ་དང་།  རང་ལོ་བཅུ་དྲུག་ནས་བདུན་ཅུ་རྩ་གྲངས་བར་བགྲང་བྱ་ལྔ་བཅུ་ལྷག་གི་རིང་གེ་སར་སྒྲུང་བཤད་ཅིང་།འབྲོག་སྡེ་དེའི་ནང་གེ་སར་སྒྲུང་བཤད་པའི་དུས་ཡུན་ཆེས་རིང་ཤོས་དང་།སྒྲུང་པ་ལོ་ན་ཆེས་མཐོ་ཤོས་སུ་གྱུར་འདུག་པ་རེད། སྤྱི་རྩིས༢༠༡༥ལོར་ཁོང་ལ་རྒྱལ་ཡོངས་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་དངོས་སུ་བརྟག་བསྡུར་བྱས་ནས་དག་སྣང་སྒྲུང་མཁན་ཞེས་པར་ངོས་བཟུང་ཞིང་དཔང་ཡིག་གནང་འདུག་ལ།ཁོང་གིས་ཕབ་པའི་གླིང་སྒྲུངསེམས་ཉིད་ཆོས་རྫོང་ཞེས་པ་ཡང་ལོ་དེར་མགོ་ལོག་ཁུལ་རིག་གནས་ཁང་གིས་ལེགས་སྒྲིག་དང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེལ་སྤེལ་བྱས་པས་སྤྱི་ཚོགས་སུ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པ་རེད། ངའི་ཕ་ཡུལ་ཕྱོགས་སུ་གླིང་སྒྲུང་ལ་དགའ་དད་བྱེད་མཁན་མང་པོ་ཡོད་ཅིང་དེའི་ཁྲོད་ཀྱི་གཅིག་གིས་ཀྱང་སྒྲུང་དཔེ་འདི་དཔེ་འཚོང་ཁང་དུ་མ་རྙེད་པས་ལག་ཏུ་སོན་ཐབས་བྱ་རོགས་ཞེས་ང་ལ་བཅོལ་བཏམས་བྱས་མྱོང་།     གཞན་ཡང་།   ཁོང་ལ་ཆེད་ལས་གེ་སར་སྒྲུང་པའི་ལག་རྟགས་གནང་བ་དང་གེ་སར་སྒྲུང་གླུ་ལེན་པའི་འགྲན་སྡུར་མང་པོའི་ཁྲོད་བྱ་དགའ་ཨང་དང་པོ་ཐེངས་མང་བླངས་མྱོང་ཟེར། གླིང་སྒྲུང་རྒྱུད་འཛིན་ཐད་བྱས་རྗེས་ཆེ་བའི་སྒྲུང་པ་ཁོང་ལ་ཀུན་གྱིས་བསྟོད་བསྔགས་བྱེད་ཀྱིན་པ་ང་རང་གིས་ཀྱང་ཐེངས་མང་པོར་ཐོས་མྱོང་།

སྤྱི་རྩིས༢༠༢༠ལོའི་ཟླ་བཅུ་གཅིག་པའི་ཚེས་དགུའི་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་གཉིས་ཀྱི་བར་དུ།ངས་དུར་བཟའ་སྟོང་ཉིད་ཆོས་སྒྲོན་ལགས་ལ་ཁ་པར་གྱི་འཕྲིན་ཕྲན་བེད་སྤྱད་དེ་འབྲེལ་གཏུགས་བྱེད་སྐབས།མོས་བཤད་རྒྱུར། ང་རང་དུས་རྒྱུན་དུ་དུར་བུད་འབྲོག་སྡེ་རུ་བསྡད་ཡོད་པ་ལས་ཕྱུགས་ཟོག་འཚོ་སྐྱོང་གི་ཆེད་དུ་དབྱར་ས་སོགས་ལ་འགྲོ་བ་ཉུང་མོད།ཁྱིམ་ཚང་གི་འཚོ་བ་སོགས་རྒྱུ་རྐྱེན་གང་མང་གི་དབང་གིས་ངས་ད་བར་དུ་གངས་རི་ཤེལ་རྫོང་མ་གཏོགས་མགོ་རྔ་ཚང་བའི་སྒྲུང་གཞན་ཕབ་ཐུབ་མེད།ནུབ་གངས་རི་ཤེལ་རྫོང་ཕབ་པའི་གཏམ་ངོ་མཚར་ཉམས་ཀྱི་རོལ་རྩེད་མཆོག་གསུམ་དགྱེས་པའི་བསྟོད་དབྱངས་དགྲ་བླ་ཝེར་མའི་མཆོད་སྤྲིན་ཞེས་པ་དེ་སྤྱི་རྩིས༢༠༡༩ལོར་མགོ་ལོག་བརྙན་འཕྲིན་ཁང་དུ་ངས་བཤད་ཅིང་ཁོ་ཚོས་སྒྲ་དང་བརྙན་ཕབ་ཟིན།ད་ལྟ་སྒྲུང་ཞིག་འབེབས་བཞིན་ཡོད་མོད་མགོ་ནས་ལེའུ་བཞི་ལྔ་ཙམ་མ་གཏོགས་བྲིས་མེད།མགྱོགས་པོར་བྲི་དགོས་ཚེ་དཀའ་ངལ་ཅུང་ཆེན་པོར་འཕྲད་སྲིད།རྒྱུ་མཙན་ནི་ཚིག་སྐྱོན་ཡོད་ལ་ཚིག་གི་གཅོད་མཚམས་མི་གསལ་བ་དང་ཡིག་ནོར་ཡང་ཅུང་མང་བས།སྒྲུང་དཔེ་ལ་ཞུ་དག་བྱ་དགོས་པ་རེད་ཅེས་དང་ སྒྲུང་འབེབས་སྐབས་སུ་ཁྱིམ་གྱི་དོན་དག་ཕྲན་ཚགས་དང་འཕྲད་ཚེ་བར་ཆད་བཟོས་ཡོང་བས།ཁོམ་སྐབས་མ་བྱུང་ཚེ་སྒྲུང་བྲི་བར་འདོད་ཀྱང་འབྲི་ཐུབ་པ་མི་འདུག་ཟེར།

མོས་བཤད་རྒྱུར།  མགོ་ལོག་དགའ་བདེ་རྫོང་གི་དུར་བུད་འབྲོག་སྡེ་རུངེད་ཚང་གི་ཁྱིམ་རྒྱུད་འདི་སྨུག་པོ་ལྡོང་གི་རྒྱུད་པ།དཀར་པོ་གླིང་གི་འབུམ་པ་རྒྱ་ཚ་ཞལ་དཀར་གྱི་སྲས་དགྲ་ལྷ་རྩེ་རྒྱལ་གྱི་གདུང་རབས་ལས་མཆེད་པར་གྲགས།སྔོན་ཆད་མིང་ལ་མགོན་པོ་སྐྱབས་ཟེར་བ་ཞིག་ཡོད་པ་དེ་ལ་བུ་མང་པོ་སྐྱེས་ཤིང་།ཁོང་གི་བུ་རྒྱུད་ཐམས་ཅད་བུ་རྒོད་པོ་དཔའ་ངར་ཅན་ཡིན་ཞེས་གྲགས།ཁོང་ནི་ངའི་ཡང་མེས་ཡིན་ཞིང་།ཁོང་གི་བུ་གཅིག་གི་མིང་ལ་དུར་བུད་བླ་མ་ཤེས་རབ་རྒྱལ་མཚན་ཟེར་ཞིང་། སྒྲུང་པ་གྲགས་ཅན་ཨ་ཁུ་ངག་དབང་རིག་འཛིན་གྱི་ཕ་རེད།བུ་གཞན་གཅིག་གི་མིང་ལ་དུར་བུད་ལྷ་པ་ཞེས་འབོད། དུར་བུད་ལྷ་པ་ནི་ངའི་ཨ་མེས་ཡིན་པ་དང་།གྲུབ་ཆེན་དཔདགའ་ལོ་ཚང་ཞེས་པ་ཁོང་གི་སྐྱེ་བ་ཡིན་པར་ཁོང་རང་ཉིད་ཀྱིས་བཤད་མྱོང་ཟེར་ལ།དུར་བུད་བླ་མ་ཤེས་རབ་རྒྱལ་མཚན་ནི་གླིང་སྒྲུང་དུ་གསལ་བའི་རྒྱ་གར་གྱི་གྲུབ་ཆེན་མཁར་གཤེགས་ཀོང་ཀ་ན་བའི་སྤྲུལ་བ་གླིང་དཀར་པོའི་དཔའ་རྟུལ་གྱི་ཚུལ་བཟུང་བ་འབྲུ་སྲས་ནམ་མཁའ་ཐོག་འགྱུར་གྱི་སྐྱེས་རབས་ཤིག་ཡིན་པའང་ཁོང་རང་ཉིད་ཀྱིས་སྔོན་ཆད་བཤད་མྱོང་བ་མ་ཟད། ད་དུང་སྟག་གཟིག་ནོར་རྫོང་ཕབ་པའི་གཡུལ་འཁྲུག་ཁྲོད་དུ་བདུད་བློན་གདུག་པ་ཅན་བཙན་ལྷ་རྡོ་རྗེ་ཡིས་མདུང་རྨས་བཟོས་ཏེ་བཀྲོངས་པས་ན།བླ་མ་ཤེས་རབ་རྒྱལ་མཚན་ཁོང་གི་ལུས་སྟེང་དུ་སྔོན་ཆད་འབྲི་སྲས་ཀྱི་སྐྱེ་བ་བཞེས་དུས་སུ་ཕར་ཕྱོགས་དགྲ་བོའི་དམག་དཔོན་དེས་མདུང་གིས་བརྒྱབ་པའི་རྨ་ཤུལ་གསལ་བོར་སྣང་ཞེས་པའི་བཤད་རྒྱུན་ཡོད་པ་མ་ཟད།ཁོང་གིས་སྔོན་ཆད་དགྲ་དང་འཐབ་པའི་སྐབས་སུ་མཚོན་ཆ་ལ་རིང་ཐུང་ཤོར་བ་མ་གཏོགས་བུ་ལ་རྒོད་ཞན་ཤོར་བ་མ་རེད།དཔའ་བོའི་རླུང་རྟ་ལ་དར་རྒུད་ཀྱི་ཁྱད་ཤོར་བ་ཙམ་ལས་རྩལ་དང་སྟོབས་ལ་ཆེ་ཆུང་གི་ཁྱད་ཤོར་བ་ནི་གཏན་ནས་མ་ཡིན་ཞེས་བཤད་ཞོར་དུ་ངུས་ཀྱང་མྱོང་པར་གྲགས།ངའི་ཨ་མེས་དང་ཁོང་གཉིས་ནི་ཕ་མ་གཅིག་གི་བུ་སྤུན་ཡིན་པ་དང་།ངའི་ཨ་མེས་ཁོང་ཡང་གཏམ་བཤད་པར་ཧ་ཅང་མཁས་ཤིང་གཞན་དང་རྒྱག་རེས་བྱེད་དུས་དཔའ་རྒོད་ཅིག་ཡིན་པ་ཀུན་གྱིས་གླེང་།བླ་མ་ཤེས་རབ་རྒྱལ་མཚན་ལ་བཤད་མི་ཚར་བའི་སྒྲུང་བཤད་རྒྱུ་ཡོད་པ་དང་།སྒྲུང་རྟ་མི་གཅིག་སྣ་ཁ་བརྒྱད་ཅུ་ལྷག་ངག་ཏུ་བཀུག་ནས་གླུ་རུ་ལེན་ཤེས་ཟེར།དེ་དག་ལས་སྒྲུང་རྟ་ཉི་ཤུ་རྩ་བརྒྱད་རང་གི་བུ་སྟེ་སྒྲུང་གཏེར་ངག་དབང་རིག་འཛིན་ཁོང་ལ་བསླབ་པ་དང་།དེ་འཕྲོ་མའི་སྒྲུང་རྟ་ཐམས་ཅད་དུར་བུད་སྡེ་བའི་མི་མང་ལ་ཁྲིད་དེ་རྒྱུན་བཟུང་བར་གྲགས།འཛམ་གླིང་གེ་སར་རྒྱལ་པོ་དང་དཔའ་རྟུལ་སོ་སོའི་སྒྲུང་རྟ་དང་།ཧོར་གུར་དཀ་རྒྱལ་པོའི་ཁྱི་མོའི་ངུ་ཟུག་ཅེས་པའི་སྒྲུང་རྟ་དང་བདུད་ཀླུ་བཙན་རྒྱལ་པོ་སོགས་ཀྱི་སྒྲུང་རྟ་རེ་རེ་བཞིན་ངག་ལ་བཀུག་ནས་ལེན་ཤེས་པ་རེད།ཁོང་ལས་བརྒྱུད་པའི་སྒྲུང་ནི་ངའི་ཕ་རྒན་ལགས་དང་ཕའི་སྲིང་མོ་སྟེ་ཨ་ནེ་དུར་བཟའ་བཀྲ་ཤིས་མཚོ་དང་དུར་བཟའ་ཐར་མཚོ་གཉིས་ད་ལྟ་མི་ཡུལ་འདིར་བཞུགས་པའི་དབང་དུ་བཏང་ན་དགུང་གྲངས་བརྒྱད་ཅུ་དགུ་བཅུར་བསླེབས་ཡོད་མོད།འོན་ཀྱང་སྔ་མོ་ནས་འཇིག་རྟེན་དཀར་ངོགས་དང་བྲལ་ཟིན་པ་ཁོང་གཉིས་ཀྱང་གླིང་གེ་སར་རྒྱལ་པོའི་སྒྲུང་འཆད་པར་ཐོགས་རྡིགས་མེད་ལ།སྒྲུང་སྣའང་མང་པོ་ཁོང་དུ་ཆུད་ཡོད་པ་ཞིག་རེད།ངའི་ཕ་ལགས་ལ་ཨ་ནེ་ཞིག་ཡོད་མྱོང་པའི་མིང་ལ་དུར་བཟའ་བཀའ་སྒོང་ཞེས་འབོད་ཅིང་།ཁོང་གིས་ཡི་གེ་མི་ཤེས་ནའང་སྟག་གཟུག་ནོར་རྫོང་གི་སྒྲུང་ཡིག་ཕབ་མྱོང་ཟེར།འོན་ཀྱང་ད་ལྟ་རྙེད་རྒྱུ་མི་འདུག་སྟེ་ཕལ་ཆེར་འཇིག་ཚར་སོང་བ་རེད་སྙམ།མོ་ད་ལྟ་འཚོ་གཞེས་ཚེ་དགུང་ལོ་བརྒྱ་དང་སུམ་ཅུ་ཡས་མས་སུ་བསླེབས་ཡོད་ཀྱི་རེད་ཅེས་སོགས་སྨྲས་བྱུང་།

མོས་ད་དུང་བཤད་རྒྱུར།དུར་བུད་བླ་མ་ཤེས་རབ་རྒྱལ་མཚན་དང་ངའི་ཨ་ཕ་ཨ་ནེ་སོགས་ཀྱིས་བག་ཆགས་བཟང་པོ་བཞག་མྱོང་བས།ང་རང་ཆུང་ངུའི་དུས་སྟེ་ལོ་བདུན་བརྒྱད་ཙམ་ནས་གླིང་སྒྲུང་ལ་ཉན་རྒྱུར་དགའ་བ་མ་ཟད་སྒྲུང་བསླབ་ནས་གཞན་ལ་བཤད་ཀྱང་ཤེས་པར་གྱུར་པས།མི་མང་གིས་ཁྱོད་ནི་གླིང་གི་ནེའུ་ཆུང་ལུ་གུ་ཚར་ཡག་རེད་ཅེས་རྩེད་ཁ་དགོད་ཁའི་བར་ནས་བསྟོད་བསྔགས་ཐེངས་མང་བྱས་མྱོང་།ཨ་ཁུ་ངག་དབང་རིག་འཛིན་ནི་སྒྲུང་བཤད་པར་ཧ་ཅང་མཁས་པས་ནམ་རྒྱུན་དུར་བུད་སྡེ་བའི་འབྲོག་པ་དག་གིས་གདན་ཞུས་པ་ལྟར་དུད་ཁྱིམ་རེ་རེར་སྒྲུང་བཤད་དུ་ཕེབས་པ་ང་ཡིས་དྲན།ངའི་ཨ་ཕ་ལགས་ཀྱི་མིང་ལ་པད་ཚེ་ཞེས་འབོད་ཅིང་།ད་ལྟ་ཁོང་རང་འདས་ནས་ལོ་མང་པོ་ཕྱིནསོང་།ཁོང་ཉིད་ཀྱང་གླིང་སྒྲུང་ལ་ཤིན་ཏུ་དགའ་བའི་ཁར།བློ་རིག་ཧ་ཅང་གསལ་བས་སྒྲུང་སྣ་མང་པོ་བློར་བཤད་ཐུ།ཨ་ཁུ་ངག་དབང་རིག་འཛིན་ཁོང་ནི་སྐད་སྙན་ཞིང་ངག་ཀྱང་བདེ།ངའི་ཕ་རྒན་ལགས་ཀྱིས་སྒྲུང་སྣ་མང་པོ་བཤད་ཤེས་མོད་སྒྲུང་གླུ་ལེན་སྐབས་སུ་ངག་དེ་འདྲ་བདེ་རྒྱུ་མེད།ཁོང་ལ་གླིང་སྒྲུང་གིས་བག་ཆགས་ཟབ་མོ་བཞག་ཡོད་པ་ཙམ་ལས་བབ་སྒྲུང་དང་གཏེར་སྒྲུང་སོགས་ཕབ་མྱོང་བའི་སྒྲུང་མཁན་ནི་མིན།བློ་རིག་པའི་རྩལ་ཟེར་ན་ཁོང་ལ་འགྲན་ཐུབ་པ་དུར་བུད་འབྲོག་སྡེར་ཧ་ཅང་ཉུང་།བཤད་རྒྱུན་ལ་ཨ་ཁུ་ངག་རིག་གམ་ངག་དབང་རིག་འཛིན་ཁོང་ནི་གླིང་གེ་སར་རྒྱལ་པོའི་སྐབས་ཀྱི་མི་ཆུང་ཁ་བདེ་ཡི་སྐྱེ་བ་ཞིག་ཡིན་པ་དང་།ང་ཨ་ཕ་ཁོང་ནི་གླིང་གི་ནག་རུ་ཐར་བ་རྒྱལ་མཚན་གྱི་སྐྱེ་བ་ཞིག་ཡིན་ཟེར་བའི་བཤད་ཚུལ་ཡང་ཡོད།ཨ་ཁུ་ངག་རིག་ནི་རྫུ་འཕྲུལ་ཅན་སྟེ་གྲུབ་རྟགས་མང་པོ་བསྟན་མྱོང་ཞེས་ཀུན་གྱིས་ཟེར།ཁོང་ནི་སྐྱེས་གཟུགས་ཡག་པའི་ཕོ་སྒོ་ཅན་ཞིག་ཡིན།ངའི་ཕ་རྒན་ནི་ཕོ་སྒོ་དང་སྐྱེས་གཟུགས་དེ་འདྲ་ལེགས་པ་ཞིག་མིན།ངའི་ཨ་ཕར་ད་དུང་ཤ་ཉེ་གཞན་ཞིག་ཡོད་པའི་མིང་ལ་དུར་བུད་གཏེར་སྟོན་བདེ་དཔལ་ཞེས་བླ་མ་བསམ་གྱིས་མི་ཁྱབ་ཞིག་འཁྲུངས་མྱོང་ཁོང་གིས་རྨ་ས་བཟུང་དར་དཀར་མདུད་པའི་སྒྲུང་ཡིག་ཅིག་ཕབ་ཡོད་པར་གྲགས།ཁོང་ནི་གླིང་གི་དུས་སྐབས་སུ་ལྡོང་གི་བུ་ཡག་བན་ཤོད་དམ་བན་ཞོར་ཟེར་བའི་ཕོ་རབ་ཅིག་གི་སྐྱེ་བ་ཡིན་པར་བཤད།གོང་དུ་སྨྲས་པ་ནི་ངའི་ཕ་ཁུ་དག་གི་གནས་ཚུལ་ཉུང་བསྡུས་ཤིག་ཡིན་པ་དང་།ཞོལ་ནས་ང་རང་ཉིད་ཀྱི་གནས་ཚུལ་དང་བྱེ་བྲག་ཏུ་ང་རང་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཁྲོད་དུ་བྱུང་བའི་མི་ཚེའི་དགའ་སྐྱོ་ཆགས་སྡང་གི་སྐོར་ཅུང་ཙམ་འཆད་པར་བྱའོ།།

དུར་བཟའ་སྟོང་ཉིད་ཆོས་སྒྲོན་ལགས་ན་རེ།དུར་བུད་བླ་མ་ཤེས་རབ་རྒྱལ་མཚན་ནི་ངའི་ཕ་རྒན་གྱི་ཨ་ཁུ་ངོ་མ་ཡིན་པ་དང་།ཁོང་ནི་ངའི་ཨ་མེས་དུར་བུད་ལྷ་པའི་སྤུན་ཡིན་པ་ངས་བཤད་ཟིན་པ་ལྟར།ད་དུང་སྤུན་་འགའ་ཡོད་དེ།བླ་མ་ནམ་མཁའ་རྡོ་རྗེ་ནི་ངའི་ཨ་ཁུ་ཡིན་པ་དང་རྩ་བའི་བླ་མའང་ཡིན།ཉམས་རྟོགས་ཧ་ཅང་མཐོ་བ་དང་གླིང་སྐྱེས་བུ་ཆེན་པོའི་སྒྲུང་དང་གེ་སར་གསོལ་ཁ་སོགས་བརྩམས་ཡོད་པ་རེད།ཁོང་ཉིད་ད་ལྟ་གཤེགས་སོང་བ་རེད། ད་དུང་དུར་བུད་གཞོན་ནུ་དང་དུར་བུད་དཔའ་ཐུལ་སོགས་ཀྱང་ངའི་ཨ་ཁུ་ཡིན་ལབུ་ཧ་ཅང་བུ་རྒོད་པོ་ཡིན་པར་གྲགས་ཤིང་།དུར་བུད་གཞོན་ནུ་མཐུ་སྟོབས་དང་ལྡན་པས་འདྲེའང་འཛིན་ཐུབ་མཁན་ཞིག་ཡིན་ཞེས་ཀུན་གྱིས་བཤད། མ་ཟད་ད་དུང་མི་རྒོད་ཟེར་བ་མི་དྲེད་གཟུགས་པོ་རིང་བ་ཅན་བཟུང་མྱོང་བདང་།གཅན་གཟན་དྲེད་མོང་ཡང་བསད་པར་གྲགས།ངའི་སྤུན་གྱི་གནས་ཚུལ་སྐོར་བཤད་ན།ང་ལ་མིང་སྲིང་བཅུ་གཉིས་ཡོད་པ་དང་།ཕུ་བོ་རྒན་པའི་མིང་ལ་དུར་བུད་འབྲུག་རྒྱ་ཟེར་བ་དང་།དར་ལག་རྫོང་དམངས་ཆེན་རྒྱུན་ལྷན་ཚོགས་ཀྱི་མགོ་གཙོ་དང་པོར་བཞུགས་མྱོང་ཞིང་དུར་བུད་སྡེ་སྐོར་གྱི་དཔོན་པོརེད།ད་ལྟ་རྒན་ཡོལ་བྱས་ཟིན།ངའི་མ་རུས་ཀྱི་ཕུ་བོའི་མིང་ལ་པ་ཐུར་ཟེར་བ་དང་གཡོན་རུ་སྡེ་བའི་དཔོན་པོ་ཡིན་པ་དང་།སྨྲ་བརྗོད་ལཧ་ཅང་མཁས་པ་ཞིག་ཡིན།ཁོང་གིས་ཀྱང་དར་ལག་རྫོང་དམངས་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་མགོ་ཁྲིད་པའི་འགན་ཁུར་མྱོང་།སྤུན་ཆུང་བའི་མིང་ལ་བློ་བཟང་འོད་ཟེར་ཞེས་འབོད་པ་དང་།ཆུང་དུས་རབ་ཏུ་བྱུང་མྱོང་ལ།ཁོང་ནི་ཁ་ཁོག་མེད་པའི་མི་གཞུང་དྲང་ཞིག་ཡིན་།ཁོག་ཏུ་ཅི་ཤར་ཐམས་ཅད་ཁ་ནས་བཤད་པས་མཚང་མིང་ལ་ལྡོང་དུད་ཁུང་ཞེས་མཁས་དབང་བདེ་ལེགས་རབ་རྒྱས་ཚང་ཟེར་བའི་བླ་མ་དེ་བས་བཏགས་པ་རེད།མཁས་དབང་བློ་བཟང་འོད་ཟེར་སྐྱེས་དུས་ནམ་མཁའ་ནས་འབྲུག་གྲགས་ཤིང་མེ་ཏོག་གི་ཆར་བབས་ལ་འཇའ་ཚོན་ཤར་བས།དུར་བུད་བླ་མ་བུ་ལོ་ཟེར་བ་དེ་ཡིས།འོ།བུ་འདི་ནི་གླིང་གི་སྟག་རོང་ཉ་ཚ་ཨ་བརྟན་གྱི་སྐྱེ་བ་རེད་ཅེས་གསུངས་པས་ན།ཁོང་གི་མིང་ལ་ཁྲོ་རྒོད་ཅེས་བཏགས་པ་རེད།ཆུང་དུས་ནས་དགོན་པ་གྲྭ་སར་སོང་ནས་སྔགས་པའི་ཚུལ་དུ་བཞུགས་ཤིང་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ལ་སྦྱང་བ་མང་དུ་བྱས་ཏེ།སྨན་དང་རྩིས་ལ་ལྷག་ཏུ་མཁས།སྐྱེ་བ་སྔོན་མའི་བག་ཆགས་དྲན་རྒྱུ་ཡོད་པ་དང་མིག་གིས་འདྲེ་མཐོང་ཐུབ་པར་གྲགས།ཁོང་ནི་རང་ཆེ་རང་བསྟོད་ལ་མི་དགའ་མཁན་ཞིག་ཡིན།རྗེས་སོར་ཁོང་མཁས་པར་གྱུར་ཏེ་ལྡོང་དུད་ཁུང་ཞེས་པའི་སྨྱུག་མིང་གིས་བརྩམས་ཆོས་མང་པོ་བྲིས་ཏེ་ཀུན་ལ་གྲགས་ཤིང་།བོད་ཡིག་དང་རྒྱ་ཡིག་གཉིས་ཐོགས་པ་མེད་པ་ཞིག་ཏུ་གྱུར།གེ་སར་སྒྲུབ་ཐབས་ཤིག་བྲིས་པ་དེ་ནི་ཆོས་སྐུ་ཀུན་བཟང་གི་ཐུགས་ཀ་ནས་བྱུང་བ་དང་རྗོད་བྱེད་ཚིག་ཧ་ཅང་ཡག་ཅེས་ས་དེའི་མཁས་པ་རྣམས་ཀྱིས་གསུངས། ཁོང་ནི་སྒྲུང་གཏེར་ཞིག་ཡིན་པས་རྒྱ་ནག་པེ་ཅིང་ནས་གཏེར་སྒྲུང་པ་ཞེས་པའི་ངོས་འཛིན་དཔང་ཡིག་ཀྱང་གནང་ཡོད་པ་དང་།རིག་གནས་པ་མང་པོའི་ལྷན་དུ་གྲོང་ཁྱེར་ཧྲང་ཧེ་རུ་ལྟ་སྐོར་དང་རིག་གནས་སྤེལ་རེས་ཀྱི་བྱེད་སྒོར་ཞུགས་མྱོང་།དབལ་ཤུལ་དུར་བུད་སྡེ་བའི་རིགས་རུསཀྱི་བྱུང་བ་བརྗོད་པ་ཁུངས་ལྡན་གཏམ་གྱི་འཕྲེང་བ་གེ་སར་དགྱེས་པའི་བཞད་སྒྲ་ཞེས་པ་དང་དགའ་བདེ་རྫོང་གི་རི་ཆུའི་རིག་གནས་ཀྱི་སྐོར་ནས་དཔེ་ཆ་བྲིས་པ་དང་།རི་ཤུའི་ཨ་སྟག་ཀླུ་མོས་ཤ་རྫོང་ཕབ་པའིཚུལ་བདུད་དཔུང་ཕྱེ་མར་འཐག་པའི་མཚོན་ཆ་ཞེས་པའི་སྒྲུང་དང་སོག་གླིང་གཡུལ་འགྱེད་ངོ་མཚར་ལྷའི་རྔ་སྒྲ་སོགས་སྒྲུང་སྣ་འགའ་ཕབ་ནས་པར་དུ་བསྐྲུན་ཟིན་ལ།དུར་བུད་གཏེར་སྟོན་བློ་བཟང་འོད་ཟེར་གྱི་གསུང་ཆོས་ཐོར་བུ་ཕྱོགས་བསྒྲིགས་སྟོད་ཆ་དང་སྨད་ཆ་གཉིས་ཀྱང་པར་དུ་བཏབ་པའི་རྗེས་སུ།ཡིད་ཤིན་ཏུ་སྐྱོ་དགོས་པ་ཞིག་ནི།ཁོང་ཉིད་རང་ལོ་ལྔ་བཅུ་ང་གསུམ་སྟེང་མི་འདོད་ནད་ཀྱིས་བཟུང་ནས་སྤྱི་རྩིས༢༠༡༨ལོའི་ཟླ་བཅུ་གཅིག་པའི་ཉེར་དྲུག་ཉིན་ཚེ་ཡི་འཕེན་པ་རྫོགས།ཁོང་དང་སྒྲུང་གཏེར་གུ་རུ་རྒྱལ་མཚན་གཉིས་ཀ་རང་ལོ་ང་གསུམ་གྱི་སྐབས་སུ་གཤེགས་པ་རེད།

   དུར་བཟས་མུ་མཐུད་དུ་བཤད་དོན།སྒྲུང་གཏེར་གུ་རུ་རྒྱལ་མཚན་ནི་ངའི་ཨ་ནེ་སྟེ་ཕ་ལགས་ཀྱི་སྲིང་མོའི་བུ་ཡིན།ཕུ་བོ་ཁོང་ཆུང་དུས་ནས་གཞན་དང་མི་མཚུངས་པའི་རྟགས་དང་མཚན་མ་མང་པོ་བྱུང་བ་དང་།མངོན་ཤེས་ཀྱང་ཡོད།ཁོང་གིས་མི་ཚེ་ཐུང་ངུའི་ནང་དུ་སྒྲུང་སྣ་སུམ་ཅུ་ལྷག་ཕབ་ནས་པར་དུ་བསྐྲུན་ཡོད།ངའི་མིང་སྲིང་གཞན་དག་ནི་འབྲོགཔ་དཀྱུས་མ་ཡིན་པ་དང་།ཁོང་ཚོའི་ཁྲོད་དུ་མིང་པོ་རིག་འཛིན་ཤེས་རབ་ཟེར་བ་ཞིག་ཡོད་པ་དེས་སྒྲུང་ཡིག་མང་པོ་ཤེས་མོད་བབ་སྒྲུང་པ་དང་གཏེར་སྒྲུང་པ་སོགས་གང་ཡང་མིན།ད་ལྟ་ཁོང་གིས་དུར་བུད་གེ་སར་སྒྲུང་སྒྱུ་རྩལ་ཚོགས་པའི་ཚོགས་གཙོའི་འགན་བཞེས་ཡོད་པ་དང་།སྐད་ངག་ཅུང་བདེ་ཞིང་ཨ་ཁུ་ངག་རིག་གི་སྒྲུང་རྟ་ཆ་ཚང་བསླབ་ནས་ཤེས་ཡོད་པས་ཁོང་གི་སྒྲུང་རྟའི་རྒྱུན་འཛིན་པར་གྱུར་ཡོད།གཞན་ཡང་མིང་པོ་ཞིག་ཡོད་པ་ཁོང་གིས་སྒྲུང་བཤད་ཤེས་མོད་སྐད་ངག་མེད།

མོས་ང་ལ་བཤད་རྒྱུར།སྔོན་ཆད་རྒྱ་ནག་ཡུལ་དུ་དར་ཁྱབ་ཤིན་ཏུ་ཆེ་བའི་གནའ་རྩོམ་སྟེ་ཆུ་ངོགས་གཏམ་རྒྱུད་དང་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་སོགས་བརྙན་འཕྲིན་ཟློས་གར་ཁྲོད་ཀྱི་མི་སྣ་དག་ལས་དཔའ་བོ་དཔའ་མོ་རྣམས་ཀྱི་པར་རིས་ཚོང་ཁང་དུ་བཙོང་རྒྱུ་ཡོད་པ་མཐོང་རྗེས།ངས་པར་རིས་དེ་དག་ཉོས་ནས་རེ་རེ་བཞིན་འབྲི་དེབ་ཀྱི་ངོས་སུ་སྦྱར་ཞིང་།པར་རིས་ཀྱི་གཤམ་དུ་གླིང་སྒྲུང་ཁྲོད་ཀྱི་དཔའ་རྟུལ་དག་གི་མིང་བྲིས་ཏེ་ཉར་ཚགས་བྱས་པ་ཡིན།ད་དུང་ཐོག་ཁང་དམར་པོའི་རྨི་ལམ་ཞེས་པའི་གནའ་རྩོམ་གྲགས་ཅན་དེའི་བརྙན་འཕྲིན་ཟློས་གར་ཁྲོད་ཀྱི་མི་སྣ་ལས་བུད་མེད་མཛེས་མ་རྣམས་ཀྱི་པར་རིས་ཀྱང་ཉོས་ནས་གླིང་གི་དྭངས་སྨན་བཅུ་གསུམ་དང་ཇ་མ་མིང་ཆེན་བཅོ་བརྒྱད་སོགས་ཡིན་ཁུལ་གྱིས་རེ་རེར་མིང་བཏགས་ཤིང་འབྲི་དེབ་ནང་དུ་ཉར་ཚགས་བྱས་མྱོང་།ཆུང་དུས་སུ་ན་མཉམ་རྫི་རོགས་རྣམས་ཀྱི་ལྷན་དུ་ཕྱུགས་ཟོག་འཚོ་སྐབས།ཁྱོད་ནི་སེང་ལྕམ་འབྲུག་མོ་དང་།ང་ནི་མེ་བཟའ་འབུམ་སྐྱིད་དང་།གྲོགས་མོ་གཞན་དག་ནི་འགག་བཟའ་ལྷ་མོ་དང་མགར་བཟའ་ཆོས་སྒྲོན་སོགས་ཡིན་ཁུལ་གྱིས་སྒྲུང་གི་དབྱངས་རྟ་ངག་ལ་བཀུག་ནས་ཕན་ཚུན་གླུ་ཡི་ལམ་ནས་ཁ་བརྡ་བྱེད་པ་དང་བྲོ་གར་འཁྲབ་པ་སོགས་རྩེད་མོ་རྒྱུན་དུ་བརྩེས་པ་ད་ལྟའང་ཡིད་ལ་གསལ་བོར་དྲན།རང་ལོ་བཅུ་ཡས་མས་སུ་།དུས་རྒྱུན་གྲོགས་མོ་ཀརྨ་ཌཱཀི་དང་འགུལ་སྐྱོད་སྒྲོལ་མ་སོགས་དང་མཉམ་གཅིག་ཏུ་ཕྱུགས་རྫིར་འགྲོ་དགོས་པས།ང་ཚོ་རི་ཐང་དུ་གཉིད་དུས་གླིང་སྒྲུང་གི་མི་སྣ་རྨི་ལམ་དུ་རྨིས་མྱོང་ལ་སད་དུས་ཀྱང་གླིང་སྒྲུང་གི་མི་སྣ་ཡིད་ལ་དྲན་ཞིང་ཁ་ནས་གླེང་གིན་ཡོད་པས།ང་ཚོའི་བྱིས་དུས་ཀྱི་ལོ་དང་ཟླ་བ་དང་ཉི་མ་རེ་རེ་ནི་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་དང་བྲལ་མ་མྱོང་ཞེས་བཤད་ཕོད་དོ།།ཐེངས་ཤིག  ཨ་ཁུ་ངག་དབང་རིག་འཛིན་ཁོང་ང་ཚོའི་རུ་སྡེ་དེར་ཕེབས་ནས་རྒྱ་གར་ཆོས་རྫོང་སོགས་གླིང་སྒྲུང་བཤད་པ་དང་།ཁོང་ནི་སྒྲུང་བཤད་སྐབས་གསུང་སྐད་ཧ་ཅང་སྙན་པས་ངའི་སེམས་སུ་ཁོང་ནི་ལྷ་ཞིག་ཡིན་པ་ལས་མི་ནི་ག་ལ་ཡིན་སྙམ་བྱུང་།གོང་དུ་གླེང་ཟིན་པ་ལྟར་ངའི་ཨ་ཕས་ཀྱང་སྒྲུང་མང་པོ་བཤད་ཤེས་པ་དང་།ཁོང་ལ་སྐད་ངག་སྙན་མོ་མེད་ཀྱང་རིག་པ་ཤིན་ཏུ་གསལ་བ་ཡིན།ཁྱིམ་དུ་མགྲོན་པོ་བསླེབས་པའི་སྐབས་དང་ཡང་ན་རུ་སྡེའི་ཕོ་མོ་རྒན་གཞོན་སུ་ལ་འཕྲད་ནའང་།ཁོང་གིས་གཞན་དག་ལ་སྒྲུང་འཆད་ཀྱིན་པ་ད་དུང་དྲན་གྱི་འདུག    མཚན་མོར་ཁོང་གིས་སྒྲུང་བཤད་སྐབས་ང་ལ།ཁྱོད་ད་ལྟ་མྱུར་དུ་གཉིད་ན་མ་གཏོགས་སང་ཉིན་རི་ནས་གཉིད་འགྲོ་ཞེས་ཟེར་བས།ང་རང་གཉིད་ཁུལ་བྱས་ནས་ཁོང་གིས་བཤད་པའི་སྒྲུང་ལ་ལྐོག་ཏུ་ཉན་པ་ཡིན།ལོ་ན་གཞོན་དུས་སུ།ངས་ནོར་ལུག་འཚོ་ཞོར་དུ་སྒྲུང་གླུ་ལེན་རྒྱུར་དགའ་བ་མ་ཟད། གནའ་གཏམ་དང་གླུ་དང་ལ་གཞས་མང་པོ་ཤེས་པར་གྱུར་པས།ངའི་ཨ་ཅེ་ཞིག་དང་རུ་སྡེའི་ནང་གི་བུ་མོ་གཞན་ཞིག་གིས་ང་ལ་གླིང་སྒྲུང་ལས་འཁྲུངས་སྐོར་དང་རྟ་རྒྱུག་རྒྱལ་འཇོག་དང་ཧོར་གླིང་གཡུལ་འགྱེད་སོགས་དང་།གླུ་དང་ལ་གཞས་དང་གཏམ་དཔེ་དང་གནའ་གཏམ་སོགས་མོ་གཉིས་ལ་བསླབས་པ་ཡིན།ངས་ཡི་གེ་མང་པོ་མི་ཤེས་མོད།རིག་པ་ཅུང་རྣོ་བས་ཆོས་ཕྱོགས་ཀྱི་ཁ་ཏོན་དང་འཇིག་རྟེན་པའི་གནའ་གཏམ་དང་གཏམ་དཔེ་དང་ཁེད་དང་གླུ་གཞས་སོགས་མང་པོ་བློར་འདོན་ཤེས་ལ།རྫ་དཔལ་སྤྲུལ་རིན་པོ་ཆེའི་སྙིང་ཐིག་སྔོན་འགྲོའི་འཁྲིད་ཡིག་དང་བདེ་ཆེན་ཞིང་བགྲོད་སོགས་ཐོས་མ་ཐག་ཏུ་ནང་དོན་ཕལ་ཆེར་སེམས་སུ་འཛིན་ཐུབ་ཀྱིན་འདུག      ཕྱུགས་འཚོ་ཞོར་དུ་དཔེ་ཆ་རང་སྦྱོང་བྱས་པས་པདྨ་བཀའ་ཐང་སོགས་ལ་བལྟས་ནས་ཤེས་བྱུང་ལ།དྲི་མེད་ཀུན་ལྡན་དང་ཆོས་རྒྱལ་ནོར་བཟང་སོགས་བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་ཀྱང་རི་མགོ་ནས་ལ་ལར་བལྟས་མྱོང་བ་དང་ལ་ལར་ཉན་མྱོང་།སྐབས་དེར་གླིང་སྒྲུང་ལས་མངའ་རིས་གསེར་རྫོང་སོགས་ངས་བློར་བཤད་ཐུབ།

དུར་བཟའ་ན་རེ།ང་ལ་བུ་དང་བུ་མོ་བཞི་སྐྱེས་ཡོད་པ་དང་།བུ་ཆེ་བ་སྟོང་སྐོར་ཕྱུགས་ལས་སློབ་གླིང་ལས་སློབ་མཐར་ཕྱིན་པ་དང་།བུ་མོ་ཆེ་བས་ཟི་ལིང་གི་གཙང་གསུམ་མི་རིགས་སློབ་འབྲིང་དུ་སློབ་གཉེར་བྱེད་ཀྱིན་ཡོདབུ་འབྲིང་བ་དང་བུ་མོ་ཐ་ཆུང་དེ་དགའ་བདེ་རྫོང་དུ་སློབ་གྲྭ་འགྲིམ་བཞིན་ཡོད།ངས་ཁྱིམ་ལས་ཀྱི་ཞོར་དུ་སྒྲུང་བྲིས་པར་ཁྱོད་ཚོས་རྒྱབ་སྐྱོད་གང་མང་གནང་བས།ཁྱེད་ཙག་གི་རེ་བ་སྟོང་ཟད་དུ་གཏང་མི་སྲིད་ཅེས་སྨྲས།

ཐེངས་ཤིག ངས་འཕྲིན་ཕྲན་ལས་མོ་ལ་སྐད་གཅིག་བཞག་པ་ན།མོས་ལན་འདི་འདྲ་བསྐུར་འདུག་སྟེ།ཉིན་འདི་དག་གི་རིང་ལ་ཁྱིམ་ལས་ཙག་ཙིག་གི་དབང་གིས་ཁྱོད་ལ་འབྲེལ་གཏུགས་བྱེད་ཁོམ་མ་བྱུང་ལ།སྒྲུང་ཡིག་ཀྱང་མུ་མཐུད་དུ་བྲི་མ་ཐུབ།དེ་རིང་ནི་གཟའ་པ་སངས་ཡིན་པ་དང་།སློབ་གྲྭས་གུང་གསེང་བཏང་བས།ང་རང་བུ་མོ་ལེན་དུ་སོང་ནས་ད་སོ་མ་ཁྱིམ་དུ་འབྱོར་བ་ཡིན་ཟེར།

ཡང་ཉིན་ཞིག་དུར་བཟས་ངའི་འཕྲིན་ཕྲན་ནང་དུ་སྐད་བཞག་འདུག་པ་གཤམ་ལྟར།འོ་བདེ་མོ་ཡིན་ནམ།དེ་རིང་ཡང་ས་ཆ་གཞན་ལ་འགྲོ་རྩིས་ཡོད་པས།སང་ཉིན་ནས་བཟུང་ཁ་པར་ལ་བརྡ་རྟགས་ཡོད་མེད་མི་ཤེས།དེ་རིང་གི་ཁོམ་སྐབས་འདི་དང་བསྟུན་ནས་རང་གི་ཨ་མའི་སྐོར་གྱི་གནས་ཚུལ་ཅུང་ཙམ་བཤད་པར་འདོད་དེ།ངའི་ཨ་མ་ནི་རྫ་སེར་ཤུལ་གྱི་ལྕང་མ་རི་ཁྲོད་ཅེས་པའི་ས་ཆ་དེ་རུ་སྐྱེས་པ་རེད།ལོ་རྒྱུས་ཞིབ་མོ་ངས་བཤད་མི་ཤེས་མོད།ཁོ་མོའི་ཨ་ཕའི་མིང་ལ་སོག་པ་ཐུར་ཡོན་ལོ་ཟེར་ཞིང་།ཁོང་གི་སྤུན་ཏེ་ཨ་མའི་ཨ་ཁུ་ནི་བླ་མ་ཞིག་ཡིན་པ་དང་མཚན་ལ་པ་ཐུར་བླ་མ་ཐུབ་དགའ་ཞེས་འབོད།ཁོང་མཁན་ཆེན་འཇིགས་མེད་ཕུན་ཚོགས་དང་མཁན་པོ་མུན་སེལ་དང་།མཁན་པོ་ཨ་ཁྱིག་དང་།མཁན་པོ་རྩ་ར་ཆོས་གྲགས་སོགས་མཁན་པོ་ཉི་ཤུ་རྩ་ལྔའི་རྩ་བའི་བླ་མ་ཡིན་ཟེར།ངའི་ཨ་མའི་ཞལ་གཟུགས་མཛེས་ཤིང་ལག་ལས་ཀར་ཤིན་ཏུ་བྱང་བར་གྲགས།ང་རང་གི་ཕའི་མིང་ལ་དུར་བུད་པད་ཚེ་ཟེར།དུར་བུད་བླ་མ་ཤེས་རབ་རྒྱལ་མཚན་གྱི་སྤུན་གྱི་བུ་ཡིན་པ་དང་།ཨ་མའི་མིང་ལ་པ་ཐུར་བཟའ་ཚེ་མཚོ་ཟེར།ང་ནི་མ་ཁོག་ནས་མ་བུད་གོང་ནས་ཨ་མའི་ནུ་མོ་ལ་བུ་སྐལ་དུ་བྱིན་ཟིན་པ་རེད།མ་ཡར་གྱི་མིང་ལ་པ་ཐུར་བཟའ་ཆོས་རིས་ཞེས་འབོད་ཅིང་།ཕ་ཡར་གྱི་མིང་ལ་རྒྱལ་རོང་འཇམ་པོ་ཟེར།ང་རང་ལོ་བཞིའི་སྐབས་སུ་མགོ་ལོག་ཁུལ་སྲིད་གཞུང་ཆགས་སའི་རྟ་བོར་གྲོང་རྡལ་དུ་སོང་ནས་ཁོ་ཚོ་དང་མཉམ་དུ་ལོ་དགུའམ་བཅུའི་བར་ཟོག་འཚོས་ནས་བསྡད་པ་དང་།རང་ལོ་དྲུག་བདུན་ལ་སོན་པ་ན།ངའི་ཨ་ཕ་དང་ཨ་ཁུ་ངག་རིག་རྒྱུན་དུ་རྟ་བོར་གྲོང་རྡལ་དུ་ངེད་ཚང་ལ་ཡོང་ནས་ཉིན་གསུམ་བཞི་ཙམ་ལ་བསྡད་དེ་སྒྲུང་བཤད་ཀྱིན་པ་གསལ་བོར་དྲན།སྐབས་དེར་ངའི་ཕ་ཡར་གྱིས་མགོ་ལོག་ཁུལ་བོད་སྨན་ཁང་དུ་སྨན་པའི་ལས་ཀ་གཉེར་གྱིན་ཡོད།ཁོས་ཀྱང་སྒྲུང་བཤད་ཤེས་པས་ང་ལ་སྒྲུང་གི་བག་ཆགས་ཟབ་མོ་བཞག་སོང་ལ།ཆུང་དུས་ནས་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་ཉན་རྒྱུར་སྤྲོ་བ་ཆེན་པོ་སྐྱེས་བྱུང་།རིམ་གྱིས་ང་ནི་དུས་རྒྱུན་འཚོ་བའི་སྐོར་གྱི་ལབ་གླེང་གཞན་ལ་ཉན་པར་མི་སྤྲོ་བར་གླིང་སྒྲུང་ཁོ་ན་ལ་ཉན་རྒྱུར་དགའ་བ་ཞིག་ཏུ་གྱུར་སོང་།རང་ལོ་བཅུ་གཅིག་བཅུ་གཉིས་ལ་སོན་དུས།མ་ཡར་གྱིས་ང་རང་ཁྲིད་དེ་དགའ་བདེ་རྫོང་ཁོངས་སུ་ངའི་ཨ་མ་ཡོད་པའི་འབྲོག་སར་སོང་ནས་བསྡད་པ་དང་།དེ་དུས་ང་རང་ལ་རྒྱུན་དུ་ས་ཆ་འཇིགས་སུ་རུང་བའི་འཕྲང་གཟར་མོ་སོགས་སུ་འགྲོ་བའི་ཉམས་སྣང་ཤར་གྱི་འདུག་མོད།དོན་དངོས་སུ་དེ་འདྲའི་ས་ཆར་ང་རང་གཏན་ནས་སོང་མྱོང་མེད།གཉིད་དུས་རྨི་ལམ་དུ་འཛམ་གླིང་གེ་སར་རྒྱལ་པོ་དང་གླིང་གི་དཔའ་རྟུལ་རྣམས་རྨིས་ཡོང་བ་དང་།ངས་ཁོང་རྣམ་པར་མཇལ་དར་འབུལ་བ་དང་།གེ་སར་རྒྱལ་པོ་དང་སྐྱ་ལོའི་སེང་ལྕམ་འབྲུག་མོ་དང་སྔོ་ལོའི་རྒོད་ལྕམ་ནེའུ་ཆུང་ངམ་སྐྱིད་ཀྱི་ནེའུ་ཆུང་ལུ་གུ་ཚར་ཡག་ལ་འཇལ་བའི་རྣམ་པ་སོགས་ཡིད་ལ་ཤར་ཡོང་།དད་པས་དབང་གིས་ངག་ནས་འཛམ་གླིང་གེ་སར་རྒྱལ་པོ་མཁྱེན་ཞེས་བརྗོད་མ་ཐག་མིག་ཟུང་ལས་མཆི་མ་བཞུར་གྱིན་འདུག

ཡང་མོས་ང་ལ་བཤད་རྒྱུར།ངའི་མ་ཡར་གྱིས་བོད་ཡིག་ཅུང་ཙམ་ཤེས་པ་དང་ཕ་ཡར་ལ་རིག་གནས་ཡོན་ཏན་ལྡན་པས་ཁོ་གཉིས་ཀྱིས་ང་ལ་ཀ་ཁའི་འབྲི་ཀློག་བསླབ་པ་དང་།ཕྱུགས་ཟོག་འཚོ་སྐབས་རྫི་རོགས་ཚོ་དང་མཉམ་དུ་རི་མགོ་ནས་རྡོ་བའི་ངོས་དང་ཁ་བའི་ཁྲོད་དུ་ཀ་ཁ་ག་ངའི་རི་མོ་བྲིས་པ་ཡིན།སྐབས་དེར་ང་རང་ལོ་ན་དགུའམ་བཅུ་ཡིན་པ་འདྲ།སྐབས་ཤིག་ལ་ངའི་ཕུ་བོ་མཁས་པ་ཞིག་ཡོད་པ་ཁོང་ཡང་ངའི་ཨ་ནེའམ་མ་ཡར་ཚང་གི་ཁྱིམ་དུ་བསྡད་མྱོང་བ་དང་།ཁོང་གིས་དཔེ་ཆ་མང་བོ་བརྩིགས་ཡོད་པའི་ཁྲོད་དུ་ཐང་སིན་བླ་མའི་རྣམ་ཐར་ཞེས་པའི་པར་རིས་ཡོད་པའི་དཔེ་དེབ་ཆུང་ཆུང་ཞིག་ཡོད་པ་མཐོང་ནས།ངས་ཕུ་བོ་ལ་དཔེ་ཆ་དེ་ང་ལ་ཨེ་སྟེར་ཞེས་དྲིས་པ་ལ།ཁོང་གིས་ང་ལ་ཉིན་ཞག་བཅུའི་ནང་དུ་དཔེ་ཆ་དེའི་ངོས་ཀྱི་ཡི་གེ་རྣམས་སྦྱོར་ཀློག་ཐུབ་ན་སྟེར་ཟེར་བས།ངས་ཡི་གེའི་སྦྱོར་ཀློག་ལ་འབད་པས་སྦྱངས་ཤིང་།མི་ཤེས་པ་རྣམས་གཞན་ལ་དྲིས་ནས་ཐམས་ཅད་ཐོགས་མེད་དུ་འདོན་ཐུབ་པར་གྱུར་པས།ཕུ་བོས་དཔེ་ཆ་དེ་དང་གཞན་ད་དུང་ཧོར་གླིང་གཡུལ་འགྱེད་སོགས་གླིང་སྒྲུང་གི་དཔེ་ཆ་འགའ་ཡང་གནང་བྱུང་།ཁོང་གིས་ང་ལ་སྒྲུང་དཔེ་རྣམས་ཅིས་ཀྱང་བཀླག་དགོས་ཚུལ་བརྗོད་པས།ངས་ཀྱང་སྒྲུང་དཔེ་དེ་དག་རེ་རེ་བཞིན་བཀླགས་ཚར་བ་དང་ཞལ་འདོན་སྐོར་གྱི་དཔེ་ཆ་ཞིག་རི་མགོར་ཁྱེར་ནས་བཏོན་པ་དང་བློར་བཟུང་།དེ་ནས་བཟུང་ང་རང་བོད་ཡིག་གི་སྦྱོར་ཀློག་ལ་བྱང་བར་གྱུར་བ་དང་།བོད་ཀྱི་་ལ་གཞས་གཞོན་ནུ་འགུགས་པའི་ལྕགས་ཀྱུ་ཞེས་པའི་དཔེ་ཆ་ཞིག་དང་ཨ་མདོའི་རོགས་མཐུན་ཞེས་པའི་དཔེ་ཆ་ཞིག་བཅས་ལ་ན་ཟླ་བུ་མོ་ཚོ་དང་མཉམ་དུ་བལྟས་ནས་བློརའདོན་ཐུབ་པར་བྱས་པ་དང་།ངས་བུ་མོ་གཞན་དག་ལ་གླུ་དང་ལ་གཞས་དང་རོགས་མཐུན་སོགས་བློར་བཤད་ཐུབ་པས།ཁྱོད་ཀྱི་རིག་པ་ཅི་འདྲའི་གསལ་བ་ལ་ཨང་ཞེས་ཀུན་གྱིས་བསྔགས་པ་བརྗོད་མྱོང་།དེ་ནས་ཡང་མཁའ་འགྲོ་མ་འགྲོ་བ་བཟང་མོའི་རྣམ་ཐར་དང་སྣང་ས་འོད་འབུམ་དང་རྒྱལ་པོ་དྲི་མེད་ཀུན་ལྡན་ལ་སོགས་པའི་བོད་ཀྱི་ཟློས་གར་ཆེན་པོ་བརྒྱད་བཀླགས་ནས་ནང་དོན་རྟོགས་པས།ཁྱིམ་མི་ཡོངས་ཀྱིས་རྒྱུན་དུ་དཔེ་ཆ་དང་ཚིག་འབྲུའི་དོན་མི་གོ་ན་དབང་མོར་ཕྲིས་ཞེས་ཟེར་ལ།   ངའི་ཕ་ཡར་མ་ཡར་སོགས་ཀྱིས་ཀྱང་དཔེཆའི་ངོས་སུ་དོན་མི་གོ་བའི་ཚིག་དང་མིང་ལ་འཕྲད་ཚེ་ང་ལ་འདྲི་བཞིན་འདུག       རང་ལོ་བཅུ་གསུམ་བཅུ་བཞིའི་སྐབས་ནས་བཟུང་།ངས་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་གི་དཔེ་ཆ་མང་བོ་བསླགས་མྱོང་།དཔེར་ན་ལྷ་གླིང་གབ་རྩེ་དགུ་སྐོར་དང་འཁྲུངས་གླིང་མེ་ཏོག་ར་བ་དང་རྟ་རྒྱུག་དཔྱིད་ཀྱི་ཉི་མ་དང་མི་ནུབ་དར་རྫོང་དང་ཙ་རིའི་སྨན་རྫོང་དང་མེ་གླིང་གསེར་རྫོང་དང་།ཁ་ཆེ་གཡུ་རྫོང་དང་།སུམ་པ་མཛོ་རྫོང་སོགས་སོ།།སྒྲུང་དཔེ་དེ་དག་ལས་ཁ་ཆེ་གཡུ་རྫོང་གཞན་གྱིས་གཡར་སོང་བས་བལྟས་མ་ཚར་།

༢༠༢༢ལོའི་ཟླ་བཞི་བའི་ཚེས་དགུའི་ཉིན་།ངས་མོ་ལ་གླིང་སྒྲུང་དང་འབྲེལ་བ་མེད་པའི་ནམ་རྒྱུན་གྱི་འཚོ་བའི་སྐོར་གྱི་དྲི་བ་ཞིག་དྲངས་པ་ན། མོས་འཕྲིན་ཕྲན་ལས་བཤད་རྒྱུར།སྔོན་ཆད་ང་རང་མགོ་ལོག་ཁུལ་ཆགས་སར་ཡོད་དུས།གུ་སྐྱིད་སྒྲོལ་མའམ་འགུལ་སྐྱོད་སྒྲོལ་མ་ཟེར་བའི་གྲོགས་མོ་ཞིག་ཡོད།ཐེངས་ཤིག་ངེད་གཉིས་ཀྱིས་བྱིས་པ་ཞིག་བསྐྱབས་མྱོང་།སྐབས་དེར་ངེད་གཉིས་ཀྱིས་བྱིས་པ་གཉིས་ཆུས་ཁུར་འགྲོ་བཞིན་པ་མཐོང་ནས་ཆུ་ལ་བརྒལ་ནས་བྱིས་པ་གཅིག་ཆུ་འགྲམ་དུ་ཁྱེར་ཡོང་མོད། བུ་མོ་ཆུང་ཆུང་ཞིག་ཡོད་པ་དེ་ཤི་འདུག་པ་རེད།སྐབས་དེར་རྒྱ་མི་ཉ་གདའ་འགའ་ཡོང་ནས་དེའི་བྲང་ཁ་ནས་མནན་ཞིང་རྐང་པ་ཡར་བཀྱགས་པས།བྱིས་པ་དེའི་ཁ་ནས་ཆུ་མང་པོ་བསྐྱུགས་ནས་མཐའ་མར་དབུགས་ཐོན་བྱུང་།སྐབས་དེར་རྒྱ་མོ་ཞིག་སྨྱོན་མ་བཞིན་དུ་བརྒྱུགས་ཡོང་ནས་བྱིས་པ་ཕོ་དེ་ཡར་བསྐྱོར་བ་དང་བུ་མོ་དེའི་རོ་ལ་འཐམས་ནས་ངུ་མ་གཏོགས་ངེད་གཉིས་ལ་ཁ་ཡ་བྱེད་ཀྱི་མི་འདུག    ཉ་གདའ་དེ་ཚོས་ངེད་གཉིས་ལ་དེ་རིང་ཁྱོད་གཉིས་ཀྱི་བྱིས་པ་འདིའི་སྲོག་བསྐྱབས་པ་རེད་ཅེས་བསྔགས་བརྗོད་བྱས་བྱུང་།དུས་དེར་ང་ནི་མགོ་ལོག་ཁུལ་བོད་སྨན་ཁང་གི་ཁྱིམ་རར་བསྡད་ཡོད་པ་དང་།གྲོགས་མོ་དེ་ནི་ཕ་ཡུལ་སེར་ཤུལ་ནས་མགོ་ལོག་ཏུ་ལྡོམ་ཡོང་ཞིང་འབྲོག་ཁྱིམ་གཞན་ལ་གླ་བརྒྱབ་ནས་འཚོ་བ་རོལ་གྱིན་ཡོད་པ་རེད།ཉིན་དེར་ངེད་གཉིས་གོ་མོ་ན་ཡི་ཕྱོགས་སུ་ནོར་ཁྱུའི་རྗེས་ལ་སོང་བ་ཡིན།དགུ་ཆུའི་འགྲམ་དུ་སློབ་མ་བྱིས་པ་མང་པོ་ཆུ་རྩེད་བྱེད་ཀྱིན་འདུག་པ་མཐོང་ལ།   བྱིས་པ་ཆུང་ཆུང་དེ་གཉིས་ཀྱང་ཁོ་ཚོའི་ཉེ་ས་རུ་ཆུ་རྩེད་བྱེད་ཀྱིན་མཆིས།དེ་ནས་གློ་བུར་དུ་བྱིས་པ་ཚོས་ཀི་བཏབ་ནས་འུར་སྒྲོག་གིན་པ་ཐོས་པས།སྤང་དང་ན་ཡི་མཚམས་སུ་ཡོད་པའི་ངེད་གཉིས་ཀྱིས་ཕར་བལྟས་པ་ན་བྱིས་པ་ཆུང་ཆུང་དེ་གཉིས་ཆུས་ཁུར་འགྲོ་བ་མཐོང་ནས་དེ་མ་ཐག་ཆ་ཁར་བརྒྱུགས་ནས་བསྐྱབ་ཅི་ཐུབ་བྱས་མོད།བྱིས་པ་ཕོ་དེ་བསྐྱབས་ཀྱང་བུ་མོ་ཆུང་ཆུང་དེ་བསྐྱབ་མ་ཐུབ་པས་སེམས་ཧ་ཅང་སྡུག་པོ་བྱུང་སོང་ཟེར།

སྤྱི་རྩིས༢༠༢༢ལོའི་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་གྱི་ཉིན་གུང་ཆུ་ཚོད་བཅུ་གཉིས་དང་སྐར་མ་དྲུག་གི་སྐབས་སུ།མོས་འཕྲིན་ཕྲན་ལས་བཤད་རྒྱུར།ཉིན་འདི་དག་གི་རིང་ལ་ངའི་ཁྱིམ་དུ་སྨན་ཁངལ་ནད་བརྟག་ཏུ་ཡོང་བའི་ནད་པ་ཞིག་བསྡད་ཡོད་པ་དང་།དེ་རིང་ངའི་ཉེ་མི་ཞིག་གིས་ཨོང་བ་དང་བུད་ཤིང་ཅུང་ཙམ་སྟེར་རོགས་ཟེར་བས།ང་རི་མགོར་འགྲོ་དགོས་པ་དང་།གནངས་ཉིན་མ་གཏོགས་ཕྱིར་འོང་མི་ཐུབ།ས་དེ་རུ་ཁ་པ་ལ་བརྡ་རྟགས་མེད་པས་ཁྱོད་དང་འབྲེལ་གཏུག་བྱ་ཐབས་ཡོད་པ་མ་རེདགནས་སྐབས་བདེ་མོ་བྱོསཟེར།

སྤྱི་རྩིས༢༠༢༢ལོའི་ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཅུ་གསུམ་དང་སྐར་མ་བཞིའི་སྐབས་སུ།མོས་འཕྲིན་ཕྲན་གྱི་ལམ་ནས་བཤད་རྒྱུར།དེ་རིང་དགོངས་དག་ཞུ་དགོས་བྱུང་།ཉིན་འདི་དག་གི་རིང་ལ་ལས་ཀའི་བྲེལ་བ་ཅུང་ཆེ་བས་ཁྱོད་ལ་འབྲེལ་གཏུག་བྱེད་མ་ཐུབ་ཐལ།ཉིན་གསུམ་ཙམ་གྱི་རིང་ཕྱུགས་ཟོག་ལ་འགོག་སྨན་གྱི་ཁབ་རྒྱག་ཏུ་སོང་བ་ཡིན།ཁས་ཉིན་སྔ་དྲོ་ཁྱིམ་ཚང་དགུ་དང་ཕྱི་དྲོར་ཁྱིམ་ཚང་ལྔ།ཁ་སང་སྔ་དྲོར་ཁྱིམ་ཚང་བདུན་བཅས་འབྲོག་པ་ཚོས་ཕན་ཚུན་རོགས་བྱས་ཏེ་མཉམ་དུ་ཕྱུགས་ཟོག་ལ་འགོག་སྨན་བརྒྱབ་པ་ཡིན།ཁ་སང་ཕྱི་དྲོ་སློབ་གྲྭའི་ནང་དུ་བུ་ཕྲུག་ལ་གྱོན་གོས་དང་འཚོ་བའི་ཡོ་ཆས་སོགས་བསྐྱལ་བ་ཡིན།    དུར་བུད་ལོ་རྒྱུས་སྙན་ངག་གྲོང་ཚོ་ཞེས་མིང་བཏགས་ཡོད་པའི་ང་ཚོའི་འབྲོག་སྡེ་འདིར་གཏན་སྡོད་ཁང་པ་བཟོས་ནས་གཞིས་ཆགས་པའི་ཁྱིམ་ཚང་བརྒྱ་དང་སུམ་ཅུ་ལྷག་ཡོད་པ་དང་།གྲོང་ཚོའི་ཉེ་འགྲམ་དུ་ཕྱུགས་ཟོག་གཅིག་ཀྱང་ཡོང་མི་ཆོག་པས།ཁྱིམ་ཚང་རེས་ཉིན་བཞི་ལ་ཁོར་ཡུག་གི་རྩྭ་ས་བསྲུང་དགོས་པ་རེད།དེ་རིང་ནས་བཟུང་ངེད་ཚང་ལ་རེས་བབས་ཡོད་པས་ང་གྲོང་མཐའ་རུ་སོང་ནས་ཕྱུགས་ཟོག་འགོག་དགོས་ཟེར།    

སྤྱི་རྩིས༢༠༢༢ལོའི་ཟླ་བཞི་བའི་ཚེས་བཅུ་དགུའི་ཉིན་གྱི་མཚན་མོའི་ཆུ་ཚོད་ཉེར་གཅིག་དང་སྐར་མ་བཅོ་བརྒྱད་ཀྱི་སྐབས་སུ།མོས་འཕྲིན་ཕྲན་ལས་བཤད་རྒྱུར།   དེ་རིང་ང་ཚོའི་སྡེ་བར་གློག་ཆད་དེ་འཚོ་བ་དང་ལས་ཀ་གང་ཐད་དུ་སྟབས་མི་བདེ་བ་བཟོས་སོང་།ངས་གོས་འཁྲུད་ཆས་ནང་དུ་གྱོན་གོས་འཁྲུད་བཞིན་ཡོད་ཀྱང་ད་ནི་བཀྲུ་ཐབས་མི་འདུག་པས།སྒྲོན་མེ་བཀར་ནས་སྒྲུང་ཡིག་འབྲི་བཞིན་ཡོད།  ལོ་རྒྱུས་སྙན་ངག་གྲོང་ཚོའི་ནང་དུ་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཚོགས་པ་ཞིག་ཡོད་པ་དེས་ང་ལ་དོ་དགོང་གནའ་གཏམ་ཤོད་ཟེར་བས།ད་ཡང་དེ་རུ་འགྲོ་དགོས་ཟེར།

མོས་མུ་མཐུད་དུ་བཤད་རྒྱུར།ང་རང་མི་ཚེ་འདིར་སློབ་གྲྭ་འགྲིམ་པའི་སྐལ་བ་མ་ལྡན།ཆུང་དུས་ནས་སློབ་གྲྭར་སོང་བའི་རང་སྡེ་བའི་གྲོགས་མོ་བསོད་ནམས་སྐྱིད་ཀྱིས་ལོ་འགའི་སྔོན་ལ་དགའ་བདེ་རྫོང་གི་རྫོང་དཔོན་ཁུར་མྱོང་།མོ་དང་བུ་མོ་གཞན་འགས་སྐབས་དེར་ང་ལ་ཁྱོད་སློབ་གྲྭར་མི་འགྲོའམ་ཞེས་རྒྱུན་དུ་དྲིས་མྱོང་།  ངས་ཁོ་ཚོར་ཁྱིམ་ཕ་མས་སློབ་གྲྭར་སོང་མི་ཟེར་བས་མ་སོང་བ་ཡིན་ཞེས་བཤད།སྐབས་དེར་ངའི་སེམས་སུ་སློབ་གྲྭར་ཞུགས་འདོད་ཀྱི་འདུན་པ་ཧ་ཅང་དྲག་ལ།  ཁྱད་པར་དུ་ལོ་རེའི་སྤྱི་ཟླ་དྲུག་པའི་ཚེས་གཅིག་ཉིན་གྱི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཉིན་མོར་འབྲོག་སྡེའི་སློབ་ཆུང་ནང་དུ་ལུས་རྩལ་འགྲན་བསྡུར་དང་གླུ་བྲོ་སོགས་སྒྱུ་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བཞིན་པ་མཐོང་དུས།སེམས་སུ་ངའང་སློབ་གྲྭར་འགྲོ་ཐུབ་ན་ཅི་འདྲའི་སྐྱིད་ཨང་སྙམ་ནས་ཡིད་སྨོན་ཤོར་མྱོང་ཟེར།

མོ་ན་རེ།ཆུང་དུས་སུ་རང་གཅིག་པུ་རི་ཐང་དང་ལུང་པའི་ནང་དུ་འགྲོ་སྐབས།ལན་རེར་ངའི་སྣང་ངོར་གློག་འཁྱུག་པ་དང་ས་གཡོ་བ་དང་འབྲུག་གྲགས་པ་ལྟ་བུའི་གནས་ཚུལ་བྱུང་བས་ཧ་ཅང་འཇིགས་ཤིང་སྐྲག དོན་དངོས་སུ་དེ་འདྲ་གཏན་ནས་བྱུང་མི་འདུག    ངས་ད་དུང་རང་ཁྱིམ་དུ་གསེར་གྱི་བ་མ་དང་སླ་ང་དང་ཅོག་ཙེ་དང་ཟོ་བ་སོགས་སྣོད་ཆས་མང་པོ་ཡོད་པ་མཐོང་སྣང་དུ་ཤར་མྱོང་ལ།སྦྲ་ཆེན་པོའི་ནང་དུ་བསྡད་ཡོད་པའི་སྣང་བའང་ཤར་མྱོང་བས།དེ་དག་ནི་སྐྱེ་བ་སྔོན་མའི་བག་ཆགས་ལོས་ཡིན་སྙམ་མོད་ཡིན་མིན་སུས་ཤེས།ང་རང་ཕ་ཡར་དང་མ་ཡར་གྱི་ལྷན་དུ་མགོ་ལོག་ཁུལ་བོད་སྨན་ཁང་གི་ཁྱིམ་རར་འཚོ་བ་རོལ་སྐབས།དབྱར་རྩྭ་དགུན་འབུ་འཐུ་རུ་སོང་མྱོང་མོད་ངས་ནམ་ཡང་མང་པོ་མི་རྙེད།ཕ་ཡར་གྱིས་ང་ལ་ཧ་ཅང་གཅེས་ཤིང་མ་ཡར་གྱིས་ཀྱང་ང་ལ་ཤིན་ཏུ་གཅེས་ནའང་མོའི་ཁ་རྩུབ་པས་ང་ལ་སྡིགས་མོ་བྱེད་དུས་ཕ་ཡར་གྱིས་ཁ་བཀག་ནས་ངའི་སེམས་གསོ་བར་བྱེད།སྐབས་དེ་དག་ལ་ངས་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་དང་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་སོགས་ཀློག་གིན་ཡོད་པ་དང་།སེམས་སུ་དགའ་བ་དང་སྐྱོ་བ་མང་དུ་སྐྱེས་མྱོང་།ངའི་ཕུ་བོ་ལྡོང་དུད་ཁུང་ངམ་བློ་བཟང་འོད་ཟེར་གྱིས་ང་ལ་རྒྱུན་དུ་གནའ་གཏམ་བཤད་པས་ངས་ཀྱང་གནའ་གཏམ་མང་པོ་བཤད་ཐུབ་པར་གྱུར།འབྲོག་སྡེ་གཞན་པ་སྟེ་སྦྲ་ནག་དང་ལྕང་ལུང་དང་སྲིབ་ནག་སོགས་ཀྱི་ན་ཟླ་ཚོ་དང་མཉམ་དུ་ཕྱུགས་འཚོ་དུས།  བུ་མོ་དེ་རྣམས་ལ་གཞས་ལེན་རྒྱུར་དགའ་ཞིང་མང་པོ་ལེན་ཡང་ཤེས་པས།ངས་དེ་ཚོའི་གམ་ནས་ལ་གཞས་བསླབས་ཤིང་བློ་རུ་བཟུང་།ཕྱུགས་ཟོག་རྣམས་གཞན་གྱི་རྩྭ་སའི་ཐོག་སོང་ཚེ།རྩྭ་སའི་བདག་པོས་ཕྱུགས་ཟོག་ཟུར་དུ་བཀག་ཅིང་རྫི་བོར་གཅར་རྡུང་གཏོང་བའམ་རྡིགས་མོ་སོགས་བྱེད་པ་ཡིན། རྩྭ་སའི་བག་པོ་ལ་ལས་ང་ལ།གལ་ཏེ་ཁྱོད་ཀྱིས་གླུ་དང་ལ་གཞས་ལེན་ཤེས་ན་གཅིག་བླངས་ཆོག་ལ།ཡང་ན་ང་ལ་གཅིག་སློབས་དང་ཕྱུགས་ཟོག་ཕྱིར་སྟེར་ཟེར་བས།ངས་ཁོ་ཚོར་གླུ་དང་ལ་གཞས་བླངས་པ་ན་བཀག་པའི་ཕྱུགས་ཟོག་ཕྱིར་སྤྲད་བྱུང་།    

སྤྱི་རྩིས༢༠༢༢ལོའི་ཟླ་བཞི་བའི་ཚེས་བཅུ་དགུའི་ཉིན་གྱི་མཚན་མོའི་ཆུ་ཚོད་ཉེར་གཅིག་དང་སྐར་མ་ཉེར་དགུའི་སྐབས་སུ་མོས་འཕྲིན་ཕྲན་ལས་བཤད་རྒྱུར།དུར་བུད་སྡེ་བའི་མི་མང་གི་ཁྲོད་དུ་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་མི་དགའ་མཁན་གཅིག་ཀྱང་ཡོད་པ་མ་རེད།འབྲོག་ཁྱིམ་ཡོངས་ཀྱིས་དུས་རྒྱུན་དུ་སྒྲུང་པ་ཞུས་ནས་མཆོད་མེ་མཚན་ཐུབ་ཞལ་ཕྱེ་ནས་སྒྲུང་ལ་ཉན་པའི་སྲོལ་དེ་ད་བར་དུ་ཟམ་མ་ཆད་པར་གནས་ཡོད།ད་སྐབས་གླིང་སྒྲུང་དང་གེ་སར་རིག་གནས་སྲུང་སྐྱོང་དང་དར་སྤེལ་གཏོང་བའི་དུས་སུ།  རྫོང་ཕྱི་ནང་ཀུན་གྱིས་གླིང་སྒྲུང་ལ་དགའ་མདོག་དང་གེ་སར་རིག་གནས་ལ་དད་ཞེན་ཡོད་ཁུལ་བྱས་ནས་དེའི་སྐོར་གྱི་རིག་གནས་ལས་གཞི་སྣ་ཚོགས་སྒྲུབ་ཀྱིན་མཆིས་མོད།དོན་ངོ་མས་དགའ་ཞེན་ཡོད་མེད་སུས་ཤེས།  སྔོན་ཆད་འབྲོག་སྡེ་སོ་སོས་ཨ་ཁུ་ངག་དབང་རིག་འཛིན་མཆོག་གདན་ཞུས་ནས་སྒྲུང་བཤད་དུ་བཅུག་པ་དང་།མི་རྣམས་ཀྱིས་ཁོང་གིས་བཤད་པའི་སྒྲུང་རྣམས་སྒྲ་ཕབ་འཕྲུལ་ཆས་སུ་སྒྲ་ཕབ་ཀྱིན་མཆིས།ཁོང་ནི་སྒྲུང་མ་ཚེ་སྒྲོན་གྱི་ཨ་ཕ་རེད།    ངའི་ཨ་སྒ་སྟེ་ཕུ་བོ་མཁས་པ་བློ་བཟང་འོད་ཟེར་གྱིས་ལོ་ཉི་ཤུ་ཡས་མས་སུ་ཁྱིམ་དུ་ཧོར་གླིང་གཡུལ་འགྱེད་ཀྱི་སྒྲུང་བཤད་མྱོང་།ཁོང་གིས་བཤད་པ་ཤིན་ཏུ་མགྱོགས་པས་ངའི་ཨ་ཡེའམ་རྨོ་མོ་ཡིས་ཁོང་ལ་ཁྱོད་ཀྱིས་སྒྲུང་དེ་འདྲའི་མགྱོགས་པོར་བཤད་དགོས་དོན་ཅི་རེད་དམ།དལ་མོར་བཤད་ན་མ་གཏོགས་ངས་མི་གོ་ཞེས་བཀྱོན་མྱོང་བ་ངའི་ཡིད་ལ་དྲན་གྱི་འདུག 

ང་རང་ཕྱུགས་རྫིར་འགྲོ་སྐབས་འབྲོག་སྡེ་ནང་གི་ཨ་ཁུ་དར་དཀར་རམ་སྐལ་བཟང་ཟེར་བའི་རྒན་པོ་ཞིག་ཡོད་པ་ངེད་གཉིས་མཉམ་དུ་ཟོག་འཚོས།ཁོང་གི་མིག་དེ་འདྲ་བཟང་པོ་མིན་པས་སྒྲུང་དཔེ་བལྟ་ཐབས་མེད།དེ་བས་ཁོང་གིས་ཇ་བསྐོལ་ཞོར་དུ་ང་ལག་ཏུ་མངའ་རིས་གསེར་རྫོང་ཞེས་པའི་སྒྲུང་དཔེ་དེ་བཞག་ནས་འདོན་དུ་བཅུག  གཞན་ཡང་ཙ་རི་སྨན་རྫོང་ཞེས་པའི་སྒྲུང་དཔེ་ནི་སྒྲུང་པ་དབང་ཆེན་སྟོབས་རྒྱལ་གྱིས་ཕབ་པ་ཡིན་ཟེར་བ་དེའང་མགོ་ནས་མཇུག་བར་ཁོང་ལ་བཤད་མྱོང་།ཨ་ཁུ་ངག་རིག་གི་སྤུན་བླ་མ་འོད་གསལ་རྡོ་རྗེ་མཆོག་གིས་ཀྱང་ང་ལ་སྒྲུང་ཤོད་ཟེར་བས་མེ་གླིང་གསེར་རྫོང་ཆ་ཚང་བཤད་མྱོང་།ཡིག་ངོ་ཆོད་པ་དང་སྐད་ངག་ཀྱང་བཟང་ཟེར་ནས་ང་ལ་སྒྲུང་བཤད་དུ་བཅུག་མྱོང་མཁན་ད་དུང་མང་པོ་བྱུང་།

ངའི་ཨ་ནེ་སྟེ་དུར་བུད་ཐར་མཚོ་ཟེར་བ་ངའི་ཨ་ཕའི་ཕ་གཅིག་མ་གཅིག་གི་སྲིང་མོ་ཞིག་ཡོད་པ་དེ་ནི་སྐྱེ་བ་སྔ་མར་ནེའུ་ཆུང་གི་སྤྲུལ་བ་ཡིན་ཟེར།མོ་ནི་གླིང་གི་སྐོར་གྱི་ལོ་རྒྱུས་མང་པོ་བཤད་ཤེས་མཁན་ཞིག་ཡིན།    རྒྱུན་དུ་འཛམ་གླིང་གེ་སར་རྒྱལ་པོ་ཁོ་ནར་གསོལ་བ་འདེབས་པ་དང་།སྐད་ངག་སྙན་ལ་སྒྲུང་རྟའང་མང་པོ་ངོས་འཛིན་ཐུབ་པ་རེད།མོའི་སྒྲུང་རྟ་དེ་དག་ནི་དུར་བུད་སྒྲུང་གཏེར་ངག་རིག་གི་ཕ་དུར་བུད་བླ་མ་ཤེས་རབ་རྒྱལ་མཚན་ཟེར་བ་གུ་རུ་རེནི་པོ་ཆེའི་སྤྲུལ་བ་དང་གླིང་གི་འབྲུ་སྲས་ནམ་མཁའ་ཐོག་འགྱུར་གྱི་སྐྱེ་བ་ཡིན་པར་གྲགས་པ་ཁོང་ལས་བརྒྱུད་ཡོང་བ་ཡིན་ཟེར།ལ་ལས་ཨ་ཁུ་ངག་རིག་གི་སྒྲུང་རྟ་ཉེར་བརྒྱད་དེ་དང་དུར་བུད་ལོ་རྒྱུས་སྙན་ངག་གྲོང་ཚོའི་སྒྲུང་རྟ་ཐམས་ཅད་ནི་ཕྱོགས་ཡར་མར་ནས་འཚོལ་སྡུད་བྱས་པ་རེད་ཟེར་མོད།དོན་ལ་དེ་དག་ཐམས་ཅད་ནི་དུར་བུད་བླ་མ་ཤེས་རབ་རྒྱལ་མཚན་ལ་སྒྲུང་རྟ་བབས་པའམ་ཁོང་གིས་གཏེར་ནས་བཏོན་པ་ཡིན་པར་བཤད།རྒན་པ་ཀུན་གྱིས་སྒྲུང་རྟ་དེ་དག་ཤེས་ཀྱི་ཡོད།ཁོང་ནི་ངའི་ཨ་ཕའི་ཨ་ཕ་ཡི་སྤུན་རེད།     ཁོང་གིས་ངའི་ཨ་ཕར་ཁྱོད་ནི་སྔོན་ཆད་དཀར་པོ་གླིང་གི་སྐབས་ཀྱི་ནག་རུ་ཐར་བ་རྒྱལ་མཚན་གྱི་སྐྱེ་བ་ཡིན་ཟེར་བ་དང་།ངའི་ཨ་མར་ཁྱོད་ནི་གླིང་གི་སྐབས་ཀྱི་བྱེའུ་ཞིག་གི་སྐྱེ་བ་རེད་ཅེས་བཤད་མྱོང་ཟེར།སྐབས་དེར་ང་ནི་ལོ་བཅུ་ཡས་མས་སུ་སོན་ཡོད།ང་ལ་མཚོན་ན་གླིང་སྒྲུང་ཁྲོད་ཀྱི་མི་སྣ་ཨ་ཁུ་ཁྲོ་ཐུང་དང་ཁྲོམ་ཤོག་མེ་བཟའ་འབུམ་སྐྱིད་དང་སྟོང་ཉིད་མགར་བཟའ་ཆོས་སྒྲོན་དང་དཔའ་མོ་ཨ་སྟག་ལྷ་མོ་སོགས་ལ་བག་ཆགས་ཤིན་ཏུ་ཟབ་ལ་ཁོ་ཚོར་ཧ་ཅང་དགའ་ཞིང་དུངས་པ་ཞིག་ཡིན། ཁྲོམ་ཤོག་མེ་བཟའ་འབུམ་སྐྱིད་ཟེར་བ་ཁོང་ལ་ཀུན་གྱིས་བདུད་མོ་མེ་བཟའ་འདུམ་སྐྱིད་ཅེས་འབོད་དེ།རྒྱུ་མཚན་ནི་གེ་སར་བདུད་དུ་བྱོན་ནས་ཀླུ་བཙན་རྒྱལ་པོ་འདུལ་རྗེས།མོས་གེ་སར་ལ་བརྗེད་ཟས་བརྗེད་ཆུ་དྲངས་པས།ཧོར་དམག་གིས་གླིང་ལ་བཙན་འཛུལ་བྱས་ཏེ་འཕྲོག་བཅོམ་གསོད་གཏོར་གྱི་འཁོར་ལོ་བསྐོར་ཅིང་།རྒྱ་ཚ་ཞལ་དཀར་སོགས་གླིང་གི་དཔའ་རྟུལ་མང་པོ་བཀྲོངས་པ་དང་།བཙུན་མོ་སེང་ལྕམ་འབྲུག་མོ་ཕྲོགས་ཏེ་ཧོར་ལ་ཁྲིད་སོང་བའི་ཆག་སྒོ་དེ་ཐམས་ཅད་ཀྱི་འབྱུང་རྐྱེན་ནི་མེ་བཟའ་འབུམ་སྐྱིད་ལ་རག་ལས་པ་རེད་ཅེས་སྐྱོན་འདོགས་ཀྱི་སྐད་ཆ་དེང་སྐབས་ཀྱང་བཤད་མཁན་ཡོད་པས།ངས་གཏམ་དེ་འདྲ་ཐོས་མ་ཐག་སེམས་པ་ཧ་ཅང་སྡུག་པར་གྱུར་འགྲོ་ལ།མེ་བཟའ་འབུམ་སྐྱིད་ནི་བདུད་མོ་ཞིག་གཏན་ནས་ཡིན་མི་སྲིད་སྙམ་པ་དང་།ནམ་ཞིག་མེ་བཟའ་འབུམ་སྐྱིད་ཀྱི་སྒྲུང་ཞིག་བྲི་དགོས་བསམ་མོད།ཡང་ངས་མོའི་སྐོར་གྱི་སྒྲུང་ཞིག་བྲིས་ན་མི་གཞན་གྱིས་ཅི་འདྲ་བཤད་མིན་མི་ཤེས་ལ།འཕྱ་དམོད་དང་ཟུར་ཟ་བྱེད་པར་དོགས་ནས་ད་བར་དུ་བྲི་བར་མ་སྤོབས་པར་ལུས།ང་རང་ལོ་ཉི་ཤུ་རྩ་བཞིར་སོན་སྐབས་སུ། ཕ་ཡར་རྒན་ཡོལ་བྱས་ཟིན་པ་དང་མགོ་ལོག་ཁུལ་ཆགས་ས་རྟ་བོར་གྲོང་རྡལ་དུ་མ་བསྡད་པར་དགའ་བདེ་ལུང་སྔོན་དགོན་པར་སོང་ནས་ཨ་ལགས་པདྨ་གཏུམ་པོ་དང་སྤྲུལ་སྐུ་ཧཱུཾ་དཀར་རྡོ་རྗེ་ཡི་མདུན་དུ་ཡར་ལོག་བྱས་ཏེ་རབ་ཏུ་བྱུང་ཞིང་།ངའི་མ་ཡར་གྱིས་ཀྱང་སྡོམ་བ་བླངས་ནས་དགོན་པ་དེ་རུ་ཆོས་སྒྲུབ་ནས་བསྡད་པ་རེད།ང་རང་མགོ་ལོག་ཁུལ་བོད་སྨན་ཁང་དུ་ལོ་གཅིག་ལྷག་ལ་གད་དར་སོགས་ལས་ཀ་རྩག་རྩིག་སྒྲུབ་ནས་བསྡད་པ་དང་།སྐབས་དེར་ངའི་མིང་ལ་ཡེ་ཤེས་དབང་མོ་ཞེས་ཀྱང་འབོད་པ་ཡིན། ངས་བླ་མ་གང་མང་གི་མདུན་དུ་བདེ་ཆེན་ཞིང་འཁྲིད་དང་རྫ་དཔལ་སྤྲུལ་གྱི་སྔོན་འགྲོའི་འཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་སོགས་ཆོས་བཤད་ལ་ཐེངས་མང་ཉན་པ་ཐམས་ཅད་བརྗེད་རྒྱུ་མི་འདུག    དེའི་རྗེས་སུ་ངས་ཕྱུགས་ཟོག་རྣམས་དེ་གའི་འབྲོག་ཁྱིམ་ཞིག་ལ་བཅོལ་ནས་ཕ་ཡར་དང་མ་ཡར་ཡོད་སའི་ལུང་སྔོན་དགོན་པར་སོང་ནས།བླ་མ་གཏུམ་པོ་ཚང་སོགས་ལས་བར་དོ་དྲུག་འཁྲིད་སོགས་ཆོས་ཁྲིད་མང་པོར་ཉན།སྐབས་དེར་ལོ་རེའི་དབྱར་ཀར་ཕྱུགས་ཟོག་འཚོས་ཤིང་དགུན་དུས་སུ་ཆོས་ཁྲིད་ལ་ཉན་པ་ཡིན།   ང་རང་ལོ་བཅུ་གཉིས་ཀྱི་སྐབས་སུ་ཨ་ཕ་འཇིག་རྟེན་ཕྱི་མར་སོང་མོད།ང་ལ་མིང་སྲིང་མང་པོ་ཡོད་དེ་མིང་པོ་དྲུག་དང་སྲིང་མོ་བཞི་བཅས་བསྡོམས་པས་བཅུ་ཐམ་པ་ཡོད་པས།ཕན་ཚུན་སེམས་གསོ་དང་རོགས་རམ་བྱས་ཏེ་དཀའ་སྡུག་མྱང་མ་དགོས།      

སྤྱི་རྩིས༢༠༢༢ལོའི་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་ཉེར་དགུའི་སྐབས་སུ།མོས་འཕྲིན་ཕྲན་ལས་བཤད་རྒྱུར།ང་རང་མགོ་ལོག་ཁུལ་དུ་ཡོད་དུས་སུ་ལས་བྱེད་པ་ཞིག་གི་བུ་ཡིས་ང་ལ་འཇིག་རྟེན་ཕོ་མོའི་བརྩེ་དུང་གླེང་མྱོང་ལ། ངས་ཀྱང་སེམས་ནས་ཁོ་དང་མཉམ་དུ་འཁོར་བ་བསྐྱང་རྒྱུའི་གྲབས་བྱས་མོད། སྐབས་དེར་ཁོ་ནི་སློབ་གྲྭའི་སློབ་མ་ཡིན་པས་ངེད་གཉིས་ཁ་ཁར་སོང་།དེའི་རྗེས་སུ་ང་རང་འབྲོག་སྡེ་ཞིག་གི་ཁྱིམ་དུ་གནས་ལ་སོང་བ་ཡིན།ཁོའི་མིང་ལ་རྟ་མགྲིན་ཟེར།ངེད་གཉིས་ཕན་ཚུན་འདང་བརྩེ་ཆེ་མོད།ལོ་འགའི་སྔོན་དུ་ཁོ་རང་ཚེ་ལས་འདས་སོང་།ཁོའི་རུས་ནི་སོག་པོར་འབྲེལ་བ་ཡོད་པས་ཀུན་གྱིས་སོག་པོ་རྟ་མགྲིན་ཞེས་འབོད་པ་རེད།སྐབས་དེར་ངེད་ཚང་ལ་ཟོག་བརྒྱ་ལྷག་དང་འབྲི་སུམ་ཅུ་བཞི་བཅུ་ཡོད་པ་དང་།ལོ་རེར་མར་ཕྱུར་ཕྱི་ལ་བཙོང་ན་སྒོར་ཁྲི་ཡས་མས་ཀྱི་ཡོང་འབབ་ཡོད།ཕྱིས་སུ་ངའི་སྐྱེས་པ་ལ་ནད་བྱུང་བས་དུས་རྒྱུན་ཁྱིམ་དུ་སྡོད་པ་ལས་ཕྱུགས་ཟོག་འཚོ་སྐྱོང་གི་ལས་ཀར་འགྲོ་མི་ཐུབ།ཁོ་ནི་མི་གཤིས་དྲང་སེམས་བཟང་ཞིག་ཡིན་ཏེ།ཀུན་དང་འགྲིག་མཐུན་ཡོང་བ་དང་གཞན་ལ་རོགས་རམ་བྱེད་རྒྱུར་དགའ་བ།ཁྱིམ་ཚང་དབུལ་བོ་ཉམ་ཐག་ཅན་ལ་རྒྱུ་ནོར་གཏོང་ཕོད་ཆེ་བའི་མི་ཡ་རབས་ཤིག་ཡིན།གཞོན་པའི་དུས་སུ་ཕོ་ཡག་ཅིག་ཡིན།ཁོ་ལ་སྤུན་བཞི་ཡོད།ངེད་གཉིས་ལ་བསྡོམས་པས་ཕྲུ་གུ་དྲུག་སྐྱེས་པའི་ནང་དུ་གཉིས་ཆུང་དུས་སུ་མ་བདེ་བས་ད་ལྟ་བྱིས་པ་བཞི་ཡོད། སྐྱེས་པ་ནད་ཀྱིས་བཟུང་བ་ནས་ངེད་ཚང་གི་ངལ་རྩོལ་གྱི་ལས་ཀ་ཐམས་ཅད་ངའི་ང་གཅིག་པུའི་མགོ་ལ་ལྷུང་སོང་།སྨན་ཁང་དུ་སྨན་བཅོས་ཐེངས་མང་བྱས་པས་ཕྱུགས་ཟོག་མང་པོ་བཙོང་དགོས་བྱུང་ཞིང་སྒོར་འབུམ་གཉིས་ལྷག་སྨན་རིན་དུ་ཤོར། དེ་བས་ད་ལྟ་ངེད་ཚང་ལ་ཕྱུགས་ཟོག་མང་པོ་མེད།ཁྱིམ་ཕྱི་ནང་གི་ལས་ཀ་དང་བྱིས་པ་གཉོར་སྐྱོང་དང་དེ་ཚོའི་སློབ་གསོའི་ཆེད་དུ་རྒྱུག་དགོས་པས་ཤིན་ཏུ་ངལ་བ་དང་དུས་ཚོད་ཀྱང་མི་འདང་བས།སྒྲུང་ཕབ་པའི་ལས་འགན་དེ་ལ་བར་ཆད་ཆེན་པོ་བཟོས་འགྲོ།ལོ་དུ་མའི་སྔོན་ནས་བཟུང་མེ་བཟའ་འབུམ་སྐྱིད་ཀྱི་སྒྲུང་བྲི་མགོ་བརྩམས་མོད་ད་དུང་བྲིས་མ་ཚར།ངས་དུས་རྒྱུན་དུ་དབྱར་ཁར་ཕྱུགས་ཟོག་འཚོ་ཞོར་དུ་མར་ཕྱུར་བསགས་ཤིང་ལན་རེར་དབྱར་རྩྭ་དགུན་འབུ་བརྐོས་ཤིང་དེ་གཞན་ལ་བཙོང་ནས་བྱིས་པ་ཚོར་ལྟོ་རྒྱབ་བསྒྲིགས་པ་དང་འཚོ་བའི་འགྲོ་སོང་ལ་མཁོ་བའི་དངུལ་བཙལ་བ་ཡིན།ལོ་དུ་མའི་སྔོན་དུ་རྒྱལ་ཡོངས་གེ་སར་སྒྲུང་བྱ་བའི་གཞུང་ལས་ཁང་གིས་མངགས་བཅོལ་གནང་བ་དང་དུ་བླངས་ནས་གངས་རི་ཤེལ་རྫོང་ཞེས་པའི་སྒྲུང་ཞིག་ཕབ་ཅིང་པར་དུ་བསྐྲུན་ཟིན།རྗེས་སུ་མགོ་ལོག་ཁུལ་གྱི་རིག་གནས་ལས་ཁུངས་ཀྱི་མགོ་ཁྲིད་ཡོང་ནས་ང་ལ་གེ་སར་ཐང་ག་སོགས་ལག་རྟགས་དང་སྨྱུག་ཤོག་མང་པོ་ཁྱེར་ཡོང་ནས་གཟེངས་བསྟོད་དང་སྐུལ་ལྕག་གནང་ སྐབས་དེར་ངའི་སྐྱེས་པ་ལ་ནད་ཕོག་པས་ངས་ཀྱང་སྒྲུང་དེ་འབྲི་མཚམས་བཞག་པ་ཡིན།བྲིས་ཚར་རྗེས་ངའི་མིང་པོ་བློ་བཟང་འོད་ཟེར་ལ་ཞུ་དག་བྱེད་དུ་འཇུག་བསམ་མོད།ཁོ་ལའང་ན་ཚ་བྱུང་བས་དོན་དེ་མ་གྲུབ།ངའི་ཨ་མའི་ཉེ་བོ་ར་ཡ་ཚེ་རིང་ཟེར་བ་དགའ་བདེ་རྫོང་བོད་སྨན་ཁང་གི་སྨན་པ་མཁས་ཅན་ཞིག་ཡོད་པ་དེས་ཞུ་དག་བགྱིས།དེ་རྗེས་སུ་སྒྲུང་གཏེར་གུ་རུ་རྒྱལ་མཚན་ལ་བསྟན་ནས་ཞུ་དག་དང་གློག་ཀླད་ནང་དུ་ཡི་གེ་གཏགས་པ་ཡིན།མགོ་ལོག་ཁུལ་རིག་གནས་ཁང་གིས་ང་ལ་རོགས་བྱས་ནས་སྒྲུང་དེ་དང་ངའི་ཕུ་བོ་བློ་བཟང་འོད་ཟེར་གྱིས་ཕབ་པའི་སྒྲུང་སྟེ་སོག་གླིང་གཡུལ་འགྱེད་སེང་གེའི་ངར་སྒྲ་ཞེས་པ་དེ་ལ་སོགས་པ་མཉམ་གཅིག་ཏུ་པར་དུ་བསྐྲུན་པ་རེད།མགོ་ལོག་ཁུལ་རིག་ནས་ཁང་གིས་ངེད་གཉིས་ལ་དཔེ་ཆ་བཞི་བརྒྱ་རེ་གནང་བྱུང་། དཔེ་ཆ་ཉིས་བརྒྱ་ཙམ་ཟི་ལིང་གི་དཔེ་འཚོང་ཞིག་ལ་སྤྲད་དེ་བཙོང་བ་ཡིན། གཞན་ཡང་ཁུལ་དང་རྫོང་གི་སྲིད་གྲོས་ལས་ཁུངས་དང་རིག་གནས་ལས་ཁུངས་སོགས་ཀྱིས་ཀྱང་སྒྲུང་དཔེ་སྟེར་རོགས་ཟེར་བས་དེ་ཚོར་དཔེ་ཆ་ཉི་ཤུ་ལྷག་བྱིན་པ་དང་།སྲིད་གྲོས་བསྐོས་མིའམ་ཨུ་ཡོན་རྣམས་ཀྱིས་ཀྱང་སྒྲུང་དཔེ་སྟེར་རོགས་ཟེར་བས་དཔེ་ཆ་བརྒྱད་ཅུ་ལྷག་ཁོ་ཚོར་བྱིན་པས།ད་ལྟ་ངའི་ལག་ཏུ་རང་གི་སྒྲུང་དཔེ་བཅུ་ཕྲག་འགའ་ལས་ལྷག་མ་བྱུང་།རྫོང་སྲིད་གྲོས་གཞུང་ལས་ཁང་གིས་ང་ལ་ཨ་ཁུ་ཁྲོ་ཐུང་གི་རྣམ་ཐར་བསྡུས་པ་ཞིག་ཕྲིས་ཤོག་ཟེར་བས།ཉིན་འདི་ཚོར་ངས་སྒྲུང་ཡིག་ཐུང་ངུ་ཞིག་འབྲི་བཞིན་ཡོད།ཉིན་འགའི་སྔོན་ལ་ང་རང་དར་ལག་རྫོང་དུ་སོང་བ་དང་།དེ་རུ་ངའི་མིང་པོ་ཞིག་རྫོང་དམངས་ཆེན་ལྷན་ཚོགས་ཀྱི་མགོ་ཁྲིད་ཡིན་པ་ཁོང་ལ་ན་ཚ་བྱུང་བས་ང་ཁོང་ལ་སྐོར་རྒྱག་ཏུ་སོང་ནས་ཉིན་འགར་བསྡད་པ་ཡིན།  ད་ལྟ་ཁོང་གི་ནད་གཞི་ཇེ་ཡང་དུ་སོང་ཡོད་པས་ངའང་ཕྱིར་ལོག་ཡོང་ཡོད།ཁ་སང་ངའི་ཨ་ཅེ་ཞིག་དང་ཚ་མོ་ང་ལ་སྐོར་རྒྱག་ཏུ་བསླེབས་པ་རེད།ངའི་ཕུ་བོ་བློ་བཟང་འོད་ཟེརགྱིས་བྲིས་པའི་དགའ་བདེ་རྫོང་གི་རི་ཆུའི་རིག་གནས་དང་དུར་བུད་རུས་མཛོད་སོགས་ཀྱི་དཔེ་ཆ་དང་།སྒྲུང་དཔེ་སོག་གླིང་གཡུལ་འགྱེད་དང་ཨ་སྟག་ཀླུ་མོ་སོགས་དང་ཨ་མའི་ཚ་བོའམ་ངའི་མིང་པོ་དགའ་བདེ་རྫོང་བོད་སྨན་ཁང་གི་སྨན་པ་ཚེ་རིང་ཟེར་བ་དེས་བྲིས་པའི་དཔེ་ཆ་སོགས་བཅུ་རེ་རྫོང་སྲིད་གྲོས་ལས་ཁུངས་ལ་བྱིན་པ་ཡིན།  

སྤྱི་རྩིས༢༠༢༢ལོའི་ཟླ་བཞི་བའི་ཚེས་ཉེར་དགུའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་དང་སྐར་མ་སོ་བདུན་གྱི་སྐབས་སུ།དུར་བཟས་འཕྲིན་ཕྲན་ལས་བཤད་རྒྱུར།ཉིན་འདི་དག་ལ་ངས་ཉིན་དཀར་མེ་བཟའ་འབུམ་སྐྱིད་ཀྱི་སྒྲུང་འབྲི་བཞིན་པ་དང་དགོང་མོ་འཕྲིན་ཕྲན་གྱི་ཚོམ་ཞིག་ལ་གནའ་གཏམ་བཤད་ཀྱིན་ཡོད།  ཞོར་དུ་ཁྱིམ་ལས་རྩག་རྩིག་ལས་པ་ཡིན་ཞེས་ཟེར། 

སྤྱི་རྩིས༢༠༢༢ལོའི་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་གྱི་དགོང་དྲོའི་ཆུ་ཚོད་བཅུ་དགུ་དང་སྐར་མ་ཉེར་གསུམ་གྱི་སྐབས་སུ།མོས་འཕྲིན་ཕྲན་ལས་བཤད་རྒྱུར།དུར་བུད་སྡེ་བའི་སྒྲུང་མ་ཚེ་སྒྲོན་ནི་རང་གི་ཕ་ངག་རིག་ལས་སྒྲུང་བསླབ་ཏེ་སྒྲུང་བཤད་ཤེས་པར་གྱུར་བ་རྒྱུད་སྒྲུང་བཤད་མཁན་གྲགས་ཅན་ཞིག་ཡིན།མོའི་སྐད་ངག་ཤིན་ཏུ་བདེ་བ་དང་།མོའི་མིང་པོ་སྟེ་དུར་བུད་ལོ་རྒྱུས་སྙན་ངག་གྲོང་ཚོའི་མགོ་གཙོ་སྤྲུལ་སྐུ་པདྨ་ནོར་བུ་ཁོང་ནི་གཏེར་སྒྲུང་པ་ཞིག་ཡིན།མོའི་བུའམ་ངའི་ཚ་བོ་ནམ་མཁའ་འོད་ཟེར་ནི་རྟོགས་པ་ཉམས་མཚར་ཅན་གྱི་སྒྲུང་པ་ཞིག་ཡིན།ཁོའི་སྐད་ངག་ཀྱང་ཤིན་ཏུ་བདེ་ལ་སྒྲུང་ཡིག་འགའ་རེ་ཕབ་ཡོད་པ་རེད།རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་དུར་བུད་ལོ་རྒྱུས་སྙན་ངག་གྲོང་ཚོའི་སྒྲུང་པ་དང་སྒྲུང་མ་སྐོར་ཞིག་ལ་ཟླ་ཕོགས་ཀྱི་རོགས་དངུལ་སྟེར་གྱིན་ཡོད་པ་ཐོས་མོད་ང་ལ་ཅི་ཡང་བྱིན་མ་སོང་།དཔེ་ཆ་སྟེར་དགོས་དུས་དང་བྱེད་སྒོ་སྤེལ་དུས།ད་དུང་ཚོགས་འདུར་ཞུགས་དགོས་དུས་ནམ་རྒྱུན་ང་རང་འབོད་ཀྱིན་འདུག  འོན་ཀྱང་རོགས་དངུལ་སོགས་ཀྱི་མཐུན་རྐྱེན་རེ་སྦྱོར་སྐབས་ང་རང་བརྗེད་འདུག་པ་འདྲ།སྤྱི་རྩི༢༠༢༢ལོར་ང་ལ་ཟླ་ཕོགས་སྟེར་ཟེར་ཡང་དེའི་རྗེས་སུ་གྲགས་འགུལ་ཅི་ཡང་མ་བྱུང་ཐལ་ཟེར།

སྤྱི་རྩིས༢༠༢༢ལོའི་ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་་དང་སྐར་མ་ཉེར་དགུའི་སྐབས་སུ།མོས་འཕྲིན་ཕྲན་ལས་བཤད་རྒྱུར།ངའི་མིང་པོ་གཞན་ཞིག་གི་མིང་ལ་རིག་འཛིན་ཤེས་རབ་ཟེར།ཁོ་ནི་རི་མོ་ཧ་ཅང་ཡག་པོ་འབྲི་ཤེས་མཁན་ཞིག་ཡིན་ཡང་སྐད་ངག་དེ་འདྲའི་བདེ་རྒྱུ་མེད།ཡང་ཧ་ཅང་བཙོག་པ་ཞིག་ཀྱང་གཏན་ནས་མིན།ཁོས་སྒྲུང་འབྲི་མི་ཤེས་མོད་བཤད་ཤེས།ཁོང་གིས་དུར་བུད་ཀྱི་སྒྲུང་རྟ་བརྒྱ་ཅུ་དགུ་བཅུ་ཙམ་ཡོད་པ་ཁ་ཚང་ལེན་ཤེས།ཁོང་ནི་དུར་བུད་ལོ་རྒྱུས་སྙན་ངག་གྲོང་ཚོའི་གེ་སར་རྟ་འཆམ་འཁྲབ་སྟོན་ཚོགས་པའི་ཚོགས་གཙོ་དང་འཁྲབ་འཁྲིད་པ་ཡིན།ཚོགས་པ་དེ་ནི་སྤྱི་རྩིས༢༠༠༤ལོ་ནས་བཟུང་འཁྲབ་སྟོན་བྱེད་མགོ་བརྩམས་པ་རེད།ཁོས་ཟློས་གར་ནང་དུ་འབུམ་པའི་རྒྱ་ཚ་ཞལ་དཀར་འཁྲབ་ཀྱིན་ཡོད་པ་རེད་ཟེར།

སྤྱི་རྩིས༢༠༢༢ལོའི་ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན་གྱི་དགོང་མོའི་ཆུ་ཚོད་ཉེར་གཅིག་དང་སྐར་མ་ལྔ་གཅིགགི་སྐབས་སུ།མོས་འཕྲིན་ཕྲན་ལས་དུར་བུད་རྟ་འཆམ་ཚོགས་པའི་སྐོར་གྱི་གནས་ཚུལ་བཀོད་ཡོད་པའི་པར་རིས་དང་ངོ་སྤྲོད་ཡི་གེ་ཞིགང་ལ་བསྐུར་ཡོང་ངས་མོ་ལ་མགོ་ལོག་ཕྱོགས་སུ་བུད་མེད་ཀྱི་ཁྲོད་དུ་སྔོད་ཆད་དང་ད་ལྟ་སྒྲུང་མ་ཅི་ཙམ་བྱུང་མྱོང་བའི་སྐོར་དྲིས་པ་ན།མོས་བགྲེས་མོ་ཅིག་གི་འདྲ་པར་བསྐུར་ཡོང་ནས།བུད་མེད་དེ་ནི་ངའི་ཨ་ཕའི་སྲིང་མོ་ཞིག་གི་བུ་མོ་རེད།མིང་ལ་ཆོས་འགྲུབ་དབང་མོ་ཟེར།ད་ལྟ་དགུང་ལོ་བདུན་ཅུ་ལྷག་ལ་སོན་ཡོད། སྐད་ངག་ཡག་ལ་སྒྲུང་རྟ་མང་པོ་ཤེས།སྒྲུང་གླུ་ལེན་རྒྱུར་ཐོགས་རྡིགས་མེད།ཕྱོགས་ཡར་མར་ནས་མོ་ལ་ལག་རྟགས་ཀྱང་གང་མང་གནང་མྱོང་བ་རེད།ང་ཚོའི་སྡེ་བའི་བུད་མེད་ཁྲོད་དུ་སྒྲུང་ཕབ་མཁན་མིག་སྔར་ང་མ་གཏོགས་མེད་པ་འདྲ།  ཁམས་དང་དབུས་གཙང་ཕྱོགས་སུ་ཡོད་མེད་མི་ཤེས།མགོ་ལོག་ན་སྒྲུང་བསླབས་ནས་བཤད་མཁན་དང་ལེན་མཁན་བུད་མེད་ཡོད་པ་མ་གཏོགས་སྒྲུང་ཕབ་མཁན་བུད་མེད་སྒྲུང་གཏེར་དང་བབས་སྒྲུང་སོགས་ནི་མེད་པ་འདྲ་ཞེས་བཤད་བྱུང་      

མོ་ནརེ།ངའི་ཨ་ཕའི་ཨ་ནེ་ཞིག་ཡོད་པ་ད་ལྟ་ཚེ་ལས་འདས་ནས་ལོ་མང་པོ་སོང་།མིང་ལ་དུར་བཟའ་གར་སྒོང་ཟེར།མོ་ནི་བབ་སྒྲུང་མཁན་ཞིག་ཡིན་པས་སྟག་གཟིག་ནོར་རྫོང་གི་སྒྲུང་ཞིག་ཕབ་མྱོང་པར་གྲགས་མོད།མོས་ཡི་གེ་མི་ཤེས་པས་རང་གིས་བཤད་པ་ཐམས་ཅད་དྲུང་དུ་ཡི་གེ་བ་ཞིག་གིས་ཟིན་བྲིས་སུ་བཀོད་པ་རེད་ཟེར།འོན་ཀྱང་སྒྲུང་དཔེ་དེ་ད་ལྟ་མཐོང་རྒྱུ་མི་འདུག   རིག་གནས་གསར་བརྗེའི་སྐབས་སུ་སྒྲུང་དཔེ་ཁ་ཚང་བདག་པོ་རྒྱག་མ་ཐུབ་པས་ཡལ་སོང་བ་རེད་ཅེས་ཀུན་གྱི་ངག་ལས་ཐོས་མྱོང་ཟེར

ངས་མོ་ལ་ད་ནི་ཁྱོད་ཀྱིས་ཆུང་དུས་སུ་བླངས་མྱོང་བའི་གླུ་ཞིག་བླངས་ན་ཆོག་གམ་ཞེས་དྲིས་པ་ན།མོས འོ་ཡ མཚམས་འདི་ནས་ངས་གླུ་ཐུང་ཐུང་ཞིག་ལེན།ང་ལ་སྐད་ངག་བཟང་པོ་མེད་མོད་གླུ་དང་ལ་གཞས་སོགས་ལ་དགའ་པོ་ཡོད་ཅེས་ཟེར་ནས།སྙན་མོའི་ངག་ལབཀུག་ནས་འདི་ལྟར་བླངས་སོ།།

ནངས་སྔ་མོ་གླུ་ཞིག་ལེན་རྒྱུ་འདི།།

གངས་སེང་དཀར་མོའི་འགྱིང་གླུ་རེད།།

ངས་ཉིན་གུང་གླུ་ཞིག་ལེན་རྒྱུ་འདི།།

སྐྱ་ཀ་ཁྲ་མོའི་གྲགས་གླུ་རེད།།

དགོང་ཕྱི་དྲོ་གླུ་ཞིག་ལེན་རྒྱུ་འདི།།

མ་མཁའ་འགྲོ་སྟོང་གི་ཚོགས་གླུ་རེད།།

རྫ་ཁྲ་ཡག་ཁྱོད་མཐོ་ང་མཐོ་རེད།།

མཐོ་དགོས་རྒྱུ་ཨ་མྱེས་རྨ་ཆེན་རེད།།

ནགས་རྒྱ་རྫོང་ཁྱོད་སྐྱེས་ང་སྐྱེས་རེད།།

སྐྱེ་དགོས་རྒྱུ་ཙན་དན་སྡོང་པོ་རེད།།

སྡེ་ཆེན་པོ་ཁྱོད་འཚམས་ང་འཚམས་རེད།།

འཚམས་དགོས་རྒྱུ་དྲིན་ཆེན་ཕ་མ་རེད།།

རི་སྨུག་པ་ཅན་ལ་རི་དྭགས་འཁོར།།

རི་མཐོ་བས་མིན་ན་ཅི་ལ་འཁོར།།

མཚོ་རླངས་པ་ཅན་ལ་ཉ་སྲམ་འཁོར།།

མཚོ་ཆེ་བས་མིན་ན་ཅི་ལ་འཁོར།།

དཔོན་བྱམས་སེམས་ཅན་ལ་སྡེ་འབངས་འཁོར།།

དཔོན་བཟང་བས་མིན་ན་ཅི་ལ་འཁོར།།

འབྲུག་སིང་སིང་རྨ་རྒྱལ་མགོ་ནས་གྲགས།།

ཆར་བསིལ་མ་འབབ་པའི་རྟེན་འབྲེལ་རེད།།

བྱ་ཁུ་བྱུག་རྒྱ་རྫོང་ནགས་ནས་གྲགས།།

སྡོང་ལོ་འདབ་རྒྱས་པའི་རྟེན་འབྲེལ་རེད།།

གླུ་སིང་སིང་ཁྲོམ་པ་གྲལ་ནས་ལེན།།

སྤུན་ན་ཟླ་སྐྱིད་པའི་རྟེན་འབྲེལ་རེད།།

འདི་ནི་ཡུལ་མགོ་ལོག་གི་ཁྱད་ཆོས་ཡོད་པའི་གླུ་ཞིག་རེད།ང་ཚོའི་ལུང་པ་རུ་ངས་གླུགོང་མ་དེ་གཉིས་སྔོན་ཆད་གོ་མ་མྱོང་བ་འདྲགླུ་ཚིག་གཅིག་ཀྱང་ས་ཆ་སོ་སོའི་དབྱངས་རྟ་དང་ལེན་སྟངས་ལ་རང་རང་གི་ཁྱད་ཆོས་ཡོད་པ་འདི་ངོ་མ་ཡག་པོ་རེད།འོ་ན་ཁྱོད་ཀྱིས་ལ་གཞས་འགའ་བླངས་ན་ཨེ་ཆོག་ཅེས་དྲིས་པ་ན།དུར་བཟའ་སྟོང་ཉིད་ཆོས་སྒྲོན་ལགས་ཀྱིས།འོ་ཡ།དེ་ལོས་ཆོག་ཟེར་ནས་ལ་གཞས་ཡང་བླངས་སོ།།

ནའི་མེ་ཏོག་གསེར་ཆེན་སེར་པོ།།

ལ་ཉིན་སྲིབ་མེད་པར་རིག་གི།

ངའི་སེམས་ཀྱི་སྐལ་བཟང་མེ་ཏོག།

ཁྱོད་རིག་རྒྱུ་མེད་པ་སྡུག་གི།

ཁྱོད་སྐྱེས་པའི་ཉིན་མོའི་བར་དུ།།

ང་མི་སྐྱེ་ཁྱོད་ལ་བསྒུག་ཡ།།

ནང་ཁ་ཡ་ན་ཟླ་མང་པོ།།

གན་ཉིན་མཚན་ཀུན་ལ་རིག་གི།

ངའི་སེམས་ཀྱི་ཆུང་འདྲིས་རོགས་ལོ།།

ཁྱོད་རིག་རྒྱ་མེད་ན་སྡུག་གི།

ཁྱོད་ཐུག་གི་ཉི་མའི་བར་དུ།།

ང་མི་བརྩེ་ཁྱོད་ལ་བསྒུག་ཡ།།

དགུང་ཨ་སྔོན་ཡང་གཞིའི་གུར་ཁང་ནས།།

ང་ཕོ་ཆུང་འབྲུག་ལ་ལོབས་མེད་ཀི།

འབྲུག་མེད་དུས་གུར་ཁང་སྟོང་བ་རེད།།

སྡེ་ཆེན་པོའི་རྩེད་རའི་ནང་ནས།།

ང་ཆུང་འདྲིས་རོགས་ལ་མེད་ཀི།

རོགས་མེད་དུས་ཡིད་སེམས་སྟོང་བ་རེད།།

བྱ་རྨ་བྱ་རྨ་ཆུའི་ཁ་ན་ཡོད།།

སྒྲོ་ལས་ཅན་ཇོ་བོའི་མདུན་ན་ཡོད།།

རོགས་ཆུང་ལོ་སྡེ་ཆེན་དཀྱིལ་ན་ཡོད།།

འདང་ཞེ་རྩིས་རང་གི་སེམས་ན་ཡོད།།

ནགས་རྒྱ་རྫོང་ཁ་ཞེང་ཡང་ཞེང་རེད།།

བྱེའུ་འཇོལ་མོ་ཁ་མ་ཁེར་མོ་རེད།།

ང་ཁེར་མོས་ཉི་མ་མི་ཆོད་ཀི།

བྱ་ཁུ་ལོར་ཐུག་ན་ཤོད་ལ་ཐོངས།།

སྡེ་ཆེན་པོ་ཁ་ཞེང་ཡང་ཞེང་རེད།།

སྨན་ང་ཚོ་ཁ་མ་ཁེར་མོ་རེད།།

ང་ཁེར་མོས་ཉི་མ་མི་ཆོད་ཀི།

རོགས་ཆུང་ལོར་ཐུག་ན་ཤོད་ལ་ཐོངས།།

རྫ་ཁྲ་ཡག་ཤེལ་དཀར་རྐོང་བུ་རེད།།

རྩྭ་རྩི་ཏོག་མར་མེ་སྒྲོན་ཤིང་རེད།།

དགུང་ཉི་མ་འབྲི་མར་སེར་པོ་རེད།

ལོ་དོ་ཚིགས་བསྒྲོན་དང་གཞུག་གི་བསྒྲོན།།

ལོ་གཞུག་གི་སུ་ཡོད་སུ་མེད་རེད།།

བསྒྲོན་བཏང་ན་དལ་རྒྱུ་མེད་ནི་བྱོས།།

སྡེ་ཆེན་པོ་མར་ཁུའི་མཚོ་མོ་རེད།།

རོགས་འུ་གཉིས་མཚོ་ཁའི་མེ་ཏོག་རེད།།

ལོ་དོ་ཚིགས་འགྲོག་དང་གཞུག་གི་འགྲོག།

ལོ་གཞུག་མར་སུ་ཡོད་སུ་མེད་རེད།།

འགྲོགས་བཏང་ན་འགལ་རྒྱུ་མེད་ནི་བྱོས།།

འབྲོང་བྲེ་སེར་མཆོང་གི་རྭ་ཅོ་ཅན།།

ཁྱོས་རྫ་སྟོད་རྫ་རི་མཐོ་གི་ཟེར།།

ཁྱོས་རྫ་སྨད་རྫ་རི་དམའ་གི་ཟེར།།

རྫ་མཐོ་དམའ་ཡོད་ན་བུད་ལ་སོང་།།

ང་ད་རུང་རྫ་རི་ཆུང་ཆུང་ཡིན།།

འབྲོང་མི་འཁོར་ཟེར་ནས་སྨྲེང་གི་མེད།།

སྟག་ཤར་བ་དུང་གི་སོ་སྒོ་ཅན།།

ཁྱོས་རྒྱུ་ཆེན་བུ་མོ་ཡག་གི་ཟེར།།

ཁྱོས་རྒྱུ་མེད་བུ་མོ་བཙོག་གི་ཟེར།།

རོགས་ཡག་བཙོག་ཡོད་ན་བུད་ལ་སོང་།།

ང་ད་རུང་བུ་མོ་ཆུང་ཆུང་ཡིན།།

རོགས་མེད་ཀི་ཟེར་ནས་སྨྲེང་གི་མེད།།

ངས་བལྟས་བལྟས་ཨ་སྔོན་གནམ་ལ་བལྟས།།

ངས་ཉན་ཉན་འབྲུག་ཆུང་སྐད་ལ་ཉན།།

ངས་ཉན་ནས་ཉམས་པར་བཞག་པ་ན།།

འབྲུག་ང་ཕྱོགས་མ་རེད་གཞན་ཕྱོགས་རེད།།

ཐོག་གློག་ཞགས་ང་ལ་བསྐོར་ནི་རེད།།

ངས་བལྟས་བལྟས་སྡེ་ཆེན་གྲོང་ལ་བལྟས།།

ངས་ཉན་ཉན་རོགས་ལོའི་སྐད་ལ་ཉན།།

ངས་ཉན་ནས་ཉམས་པར་བཞག་པ་ན།།

རོགས་ངའི་ཕྱོགས་མ་རེད་གཞན་ཕྱོགས་རེད།།

གླིང་མི་ཁ་ང་ལ་བསྐོར་ནི་རེད།།

དགུང་ཨ་སྔོན་འདབས་མ་སྤྲིན་གྱིས་བསྐོར།།

སྤྲིན་དཀར་པོའི་འདབས་མ་རླུང་གིས་བསྐོར།།

ཁྱོད་བྲེལ་མོ་རླུང་ཞིག་མ་གཡུགས་ན།།

ངས་དལ་མོའི་ཆར་ཞིག་འབབ་རྩིས་ཡིན།།

སྡེ་ཆེན་པོའི་འདབས་མ་རོགས་ཀྱིས་བསྐོར།།

རོགས་ཆུང་ལོའི་འདབས་མ་ཁ་ཡིས་བསྐོར།།

ཁྱོད་བྲེལ་མོ་ཁ་ལ་མ་བརྒྱུགས་ན།།

ངས་དལ་མོའི་ཚིག་གསུམ་བཤད་རྩིས་ཡིན།།

དགུང་གན་ན་ཆར་བ་མར་འབབ་ཞིག་།

ས་འདི་ན་མེ་ཏོག་ཡར་སྐྱེས་ཤིག།

ལས་ཡོད་ན་ཡར་སྐྱེས་མར་འབབ་རེད།།  

ལས་མེད་ན་ས་གནམ་ཁ་ཁ་རེད།།

གྲོང་གན་ན་བུ་ཚ་ཡར་ཡོང་ཞིག་།

སྡེ་འདི་ན་བུ་མོ་མར་འགྲོ་ཞིག།

ལས་ཡོད་ན་ཡར་ཡོང་མར་འགྲོ་རེད།།

ལས་མེད་ན་སྡེ་གྲོང་ཁ་ཁ་རེད།།

དགུང་ཨ་སྔོན་དཀྱིལ་གྱི་ཕོ་ཆུང་འབྲུག།

ཁྱོད་ཡན་ལ་དགུང་སྔོན་གནམ་གྱི་རྒྱན།། 

ཁྱོད་མན་ལ་བསིལ་མ་ཆར་གྱི་རྒྱན།།

ཁ་གློག་དམར་འཁྱུགས་སེ་ཐོག་གི་རྒྱན།།

རྒྱན་འདུ་གསུམ་འཛོམས་པའི་ཕོ་ཆུང་འབྲུག་།

ཁྱོད་ཡང་ཡང་གྲགས་པའི་སྨོན་ལམ་འདེབས།།

ས་བདེ་ཆེན་དཀྱིལ་གྱི་ཕ་བཟང་བུ།།

ཁྱོད་ཡན་ལ་སྐར་ཆེན་སྡེ་བའི་རྒྱན།།

ཁྱོད་མན་ལ་རྒྱུ་བྱིན་ཆུང་མའི་རྒྱན།།

བློ་ཤེས་རིག་མི་རིགས་འདི་ཡི་རྒྱན།།

རྒྱན་འདི་གསུམ་འཛོམས་པའི་ཕ་བཟང་བུ།།

ཁྱོད་ཡང་ཡང་འགྲོགས་པའི་སྨོན་ལམ་འདེབས།།

དེ་ནས་ཡང་ཉིན་འགའི་རྗེས་སུ།ངས་མོ་ལ་དུས་ནམ་ཡིན་རུང་ཁྱོད་ལ་ཁོམ་སྐབས་རེ་བྱུང་ཚེ་མུ་མཐུད་དུ་སྒྲུང་དབབ་དགོས་པའི་རེ་བ་ཞུས་པ་ན།དུར་བཟས་བཤད་རྒྱུར།ད་ལྟ་ངས་མེ་བཟའ་འབུམ་སྐྱིད་ཀྱི་སྒྲུང་དེ་འབྲི་བཞིན་ཡོད་མོད་ཧྲིལ་བོ་བྲིས་ཚར་མེད།ཁོམ་སྐབས་བྱུང་ཚེ་མུ་མཐུད་དུ་བྲི་དགོས།རྗེས་ཕྱོགས་སུ་ད་དུང་སྒྲུང་གསར་བ་མང་པོ་ཕབ་རྒྱུ་ནི་ངའི་དམིགས་ཡུལ་དང་འདུན་པ་ཡིན།ལས་དང་བསོད་ནམས་ཡོད་ན་འདོད་དོན་ཡིད་བཞིན་འགྲུབ་པར་སྨོན།  དེ་རིང་ཞོགས་པར་རྫོང་གྲོང་དུ་སོང་ནས་ཟི་ལིང་ན་སློབ་གཉེར་བྱེད་ཀྱི་པའི་བུ་མོ་ལ་སྒོར་མོ་བསྐུར་བ་དང་།པྲོག་དབྱིབས་གསར་བའི་གློ་ཚད་གཉན་རིམས་འགོག་པའི་སྨན་ཁབ་ཐེངས་གསུམ་པ་དེ་བརྒྱབ་པ་ཡིན།ད་སོ་མ་གུང་ཟས་ཟོས་རྗེས་ཁྱིམ་དུ་སྒྲུང་ཡིག་འབྲི་བཞིན་པའི་སྒང་ཡིན།ནམ་ཞིག་བྲིས་ཚར་མ་ཐག་ཞུ་དག་ཐེངས་གཅིག་བྱས་རྗེས་ཁྱོད་ལ་བསྐུར་ཡོང་ངེས་ཞེས་སྨྲས་བྱུང་།

སྤྱི་རྩིས༢༠༢༢ལོའི་ཟླ་དྲུག་པའི་ཚེ་བཅུ་དགུའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་ཙམ་ལ།མོས་འཕྲིན་ཕྲན་ལས་བཤད་རྒྱུར།དེ་རིང་ང་ཚོ་དབྱར་རྩྭ་དགུན་འབུ་བརྐོ་རུ་འགྲོ་དགོས།ཟླ་དྲུག་པའི་ནང་དུ་ད་གཟོད་ཕྱིར་ལོག་ཐུབ།སྐར་བཟང་དུས་ཆེན་དང་འཕྲད་དུས་དབྱར་རྩྭ་དགུན་འབུ་བརྐོ་མཚམས་བཞག་ནས་ངལ་གསོ་དགོས་པ་རེད།རྫ་མཐོ་སར་ཁ་པར་གྱི་བརྡ་རྟགས་མེད་པས་འབྲེལ་གཏུགས་བྱ་ཐབས་མི་འདུག    ངས་མི་རབས་སྔོན་མའི་སྒྲུང་རྟ་རྣམས་བསླབ་པ་ཡིན་ལ།ལྷག་པར་དུ་ངའི་ཕ་མེས་དང་ཉེ་དུ་ཐམས་ཅད་ནི་སྒྲུང་པ་ཡིན་པ་དང་།སྒྲུང་རྟ་མང་པོ་ཤེས་པའི་མཐུན་རྐྱེན་བཟང་པོ་ལ་བརྟེན་ནས་སྒྲུང་རྟ་གང་མང་ཁོང་དུ་ཆུད་པར་བྱས་མོད།སྐད་ངག་ཡག་པོ་མེད་པས་སྒྲུང་གླུ་མང་པོ་ལེན་མི་ཕོད་བཅས་ཟེར།

སྤྱི་རྩིས༢༠༢༢ལོའི་ཟླ་བདུན་པའི་ཚེས་བདུན་ཉིན་གྱི་ཆུ་ཚོད་བཅུ་གསུམ་དང་སྐར་མ་ང་གཉིས་ཀྱི་སྐབས་སུ་མོས་འཕྲིན་ཕྲན་ལས་ང་ལ་བཤད་རྒྱུར།  ཉེ་ཆར་ཁོམ་སྐབས་མ་བྱུང་བས་དྲིས་པ་ལ་ལན་གདབ་མི་ཐུབ།ཉིན་འགའི་སྔོན་དུ་ངའི་སྐེ་ཚིགས་ནང་དུ་རྨ་ཞིག་བྱུང་བས་སྨན་བཅོས་བྱས་པ་ཡིན།ཡང་ངའི་ཉེ་རིང་ཞིག་ཚེ་ལས་འདས་པས་དེ་ཚང་གིས་འདས་མཆོད་སྒྲུབ་པ་སོགས་ལ་རོགས་བྱས་ནས་ཁོམ་པ་མ་བྱུང་ཐལ།དེ་རིང་ཡང་དགའ་བདེ་རྫོང་དྲིལ་བསྒྲག་སྡེ་ཡིས་དུར་བུད་ལོ་རྒྱུས་སྙན་ངག་གྲོང་ཚོའི་བཀོད་ཐང་དུ་ཤོག་ཟེར་གྱིན་འདུག་པས།ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་དུ་དེ་རུ་འགྲོ་དགོསཔ་དང་།ཁ་སང་ཁས་ཉིན་དགའ་བདེ་རྫོང་སྲིད་གྲོས་ཀྱིས་བསྐོས་མི་སྐོར་ཞིག་ལ་རང་གི་ལོ་རྒྱུས་དང་ལས་དོན་ཐད་དུ་ཡིག་འབྲུ་སྟོང་བཞི་ཡས་མས་ཀྱི་རྩོམ་ཡིག་ཅིག་ཕྲིས་ཤོག་ཟེར་བས་དེ་ལའང་གྲ་སྒྲིག་བྱ་དགོས་པར་འདུག  ད་ལྟ་ང་ཚོའི་སྡེ་བས་དབྱར་སའི་སྤང་ཐང་དུ་ཚོགས་འདུ་ཞིག་འཚོག་དགོས་ཟེར་བས་དེ་རུ་འགྲོ་བཞིན་ཡོད།ངོ་མ་ཁོམ་ལོང་ཟེར་བ་ཞིག་མི་འདུག

སྤྱི་རྩིས༢༠༢༢ལོའི་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་གྱི་མཚན་མོའི་ཆུ་ཚོད་ཉི་ཤུ་དང་སྐར་མ་་ལྔའི་སྐབས་སུ།མོས་འཕྲིན་ཕྲན་གྱི་ལམ་ནས་བཤད་རྒྱུར།   དེ་རིང་ངའི་བུ་མོ་ཆུང་བ་དེ་ཡོད་སའི་སློབ་ཆུང་གིས་ང་རང་སློབ་མའི་ཁྱིམ་བདག་ཕུལ་བྱུང་ཅན་ཞེས་པར་བདམས་ནས་ཚོགས་འདུའི་སྟེང་དུ་དཔང་རྟགས་སོགས་གནང་བྱུང་ཞེས་ཟེར

སྤྱི་རྩིས༢༠༢༢ལོའི་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་དང་སྐར་མ་བཅུ་གཉིས་ཀྱི་སྐབས་སུ་མོས་འཕྲིན་ཕྲན་ལས་བཤད་རྒྱུར།དེ་རིང་ཡང་ངའི་མིང་པོ་ཚང་ལ་ཁྱིམ་ལས་སྒྲུབ་རོགས་སུ་བུད་སོང་། དགོངས་དག་ཞུ།

སྤྱི་རྩིས༢༠༢ལོའི་ཟླ་བརྒྱད་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཅུ་གསུམ་དང་སྐར་མ་བཅུ་བདུན་གྱི་སྐབས་སུམོས་འཕྲིན་ཕྲན་ལས་བཤད་རྒྱུར།ཁྱོད་བདེ་མོ།དེ་རིང་དགའ་བདེ་རྫོང་དྲིལ་བསྒྲག་སྡེ་ཡིས་ཁ་པར་གྱི་ལམ་ནས་བརྡ་བཏང་བྱུང་སྟེ།ང་ལ་བཅར་འདྲི་བྱེད་མཁན་སྐོར་ཞིག་བསླེབས་འདུག་པས་རང་ཁྱིམ་དུ་སྒུག་སྡོད་རོགས་ཟེར།བཅར་འདྲི་བྱེད་མཁན་ནི་བོད་ལྗོངས་ནས་ཡོང་བའི་སློབ་གྲྭ་ཆེན་མོ་ཞིག་གི་དགེ་རྒན་དང་སློབ་མ་སྐོར་ཞིག་རེད།དེ་རིང་ང་ཁོ་ཚོ་དང་མཉམ་དུ་ཡོད།  འཇིག་རྟེན་མི་ཡུལ་དུ་ངོ་མ་ཁོམ་སོང་བའི་ཉི་མ་གཅིག་ཀྱང་མེད་པ་འདྲ།          

སྤྱི་རྩིས༢༠༢༣ལོའི་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཅུ་བཞི་དང་སྐར་མ་ཞེ་བཞིའི་སྐབས་སུ།མོས་འཕྲིན་ཕྲན་ལས་ཡི་གེའི་ལམ་ནས་འཕྲིན་ཐུང་ཞིག་བྲིས་འདུག་པ་གཤམ་ལྟར།གནམ་ལོ་གསར་བ་ཚེས་ལ་ཉེ་བའི་སྐབས་སུ།མཚོསྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱིས་དུར་བཟའ་སྟོང་ཉིད་ཆོས་སྒྲོན་ལ་བཀྲ་ཤིས་འཚམས་འདྲི་ཞུས་ཤིང་འཚམས་རྟགས་སུ་སྒོར་ལྔ་བརྒྱ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་།ངས་ཕྱུགས་ཟོག་ཐོན་སྐྱེད་དང་ཁྱིམ་ལས་ཀྱི་ཞོར་དུ་གང་ནུས་ཅི་ཐུབ་ཀྱིས་མུ་མཐུད་དུ་གླིང་སྒྲུང་གང་མང་འཆད་རྒྱུའི་ཆོད་སེམས་བསྟན་པ་ཡིན་ལགས

སྤྱི་རྩིས༢༠༢༣ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་གྱི་སྔ་དྲོར།མོས་འཕྲིན་ཕྲན་ལས་བཤད་རྒྱུརགླིང་རྗེ་ག་སར་རྒྱལ་པོའི་རྟོགས་བརྗོད་མུ་ཏིག་ཕྲེང་བ་ལས།ཁྲོམ་ཤོག་མེ་བཟའ་འབུམ་སྐྱིད་ཀྱི་རྣམ་ཐར་རིགས་གསུམ་དགྱེས་པའི་སྙན་ཚིག་ལས་ཀྱི་མཁའ་འགྲོའི་ལྗགས་གླུ་

ཞེས་པ་ཡོངས་སུ་ཕབ་ཚར་ནས་སྒྲུང་ཡིག་དག་བཅོས་བྱས་ཤིང་གློག་ཀླད་ནང་དུའང་གཏགས་ཚར་བའི་གཏམ་བཟང་ཐོས་ལ།དགའ་བདེ་རྫོང་གིས་དུར་བུད་སྒྲུང་འབུམ་ཞེས་པའི་སྒྲུང་གི་དེབ་ཚོགས་ཤིག་སྒྲིག་གིན་ཡོད་པ་དེའི་ནང་དུ་མོའི་སྒྲུང་ཡིག་འདིའང་ཚུད་ཡོད་ཟེར།མོས་དུ་དུང་སྒྲུང་ཡིག་ལས་མེ་བཟའ་འབུམ་སྐྱིད་ལ་བསྟོད་པའི་ཚིགས་བཅད་ཤོ་ལོ་ཀ་གཅིག་ཀྱང་ང་ལ་བསྐུར་བྱུང་བ་འདི་ལྟ་སྟེ།

འཛམ་གླིང་དབང་སྒྱུར་སྐྱེས་བུ་དོན་གྲུབ་ཀྱི།།

བྱང་ཆུང་སྒྲུབ་པའི་་ལམ་གྱི་ཤེས་རབ་གྲོགས།།

དབྱིངས་ཀྱི་མཁའ་འགྲོ་ཌཱཀི་ལྗང་མོ་སྟེ།།

མེ་བཟའ་ཁྲོམ་ཤོག་རྒྱལ་མོར་བསྟོད་ཅིང་བསྔགས།།

ངས་གངས་ལྗོངས་སྟོད་སྨད་བར་གསུམ་གྱི་སྒྲུང་པ་དང་སྒྲུང་མའི་གནས་ཚུལ་བརྟགས་ཤིང་བརྩད་བཅད་པ་ལྟར་ན།མཚན་ལ་དུར་བཟའ་སྟོང་ཉིད་ཆོས་སྒྲོན་ནམ་དུར་བུད་དབང་མོ་ཞེས་འབོད་པའི་འབྲོག་མོ་འདི་ནི།མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ཡིག་གསར་བ་ཕབ་ཐུབ་པའི་བུད་མེད་གཅིག་པུ་དེ་ཆགས་ཡོད་པ་རེད།མོ་ས་ནི་ཁྱིམ་ཚང་གཉོར་སྐྱོང་དང་བུ་ཕྲུག་རྣམས་ཀྱི་སློབ་གསོ་སོགས་ཀྱི་ཕྱོགས་ལ་སེམས་ཤུགས་དང་ལུས་ཤུགས་གང་མང་འདོན་དགོས་པ་མ་ཟད།ཕྱུགས་ཟོག་དང་རྩྭ་སའི་བདག་གཉེར་སོགས་ཀྱི་ལས་ཀ་ཕྲ་རགས་ཀུན་ལ་རང་གཅིག་པུ་དངོས་སུ་འཇུག་གིན་ཡོད་དེ། ས་སྟེང་འདི་རུ་མོ་དང་མོ་ལྟ་བུའི་བུད་མེད་ལས་ལ་བརྩོན་ཞིང་དཀའ་སྡུག་གང་ལ་འཕྲད་ཀྱང་ལ་མགོ་མི་བསྒུར་མཁན་བགྲང་གིས་མི་ལང་བ་ཡོད་སྲིད་མོད།འོན་ཏེ།ཉི་མ་རེ་རེར་ཁྱིམ་ཚང་གི་འཚོ་ཚིས་དང་ཐོན་སྐྱེད་ཡར་འཕེལ་ཡོང་བའི་ཆེད་དུ་ནངས་སྔ་མོ་ནས་དགོང་ཕྱི་དྲོའི་བར་དུ་གང་སར་འདུར་དགོས་ནའང་།ལས་ཀ་ཆེ་ཆུང་ཅི་རིགས་ཀྱི་ཞོར་ལ།རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་དང་དར་སྤེལ་གཏོང་བའི་ལས་དེ་རང་ཉིད་ཀྱི་འགན་འཁྲི་རུ་བསམས་ནས།དཔལ་འབྱོར་ཡོང་འབབ་སོགས་ཀྱི་ཁེ་ཕན་ཡོད་མེད་དང་སྐད་གྲགས་མཚན་སྙན་ཐོབ་ཐང་སོགས་རྒྱས་མིན་ལ་མི་བལྟ་བར།ཕ་ཡུལ་ཕྱི་ནང་གི་སྒྲུང་རབས་ཆེན་པོ་དང་གླིང་གེ་སར་རིག་གནས་ལ་སྤྱི་སེམས་བཅངས་ཤིང་རང་གི་སྒེར་དོན་དུ་བརྩི་ཐུབ་མཁན་སྐྱེ་བོ་ག་ཙམ་ཡོད་དམ།

མགོ་ལོག་དགའ་བདེ་རྩྭ་ཐང་གི་རྒྱན་དུ་གྱུར་བའི་དུར་བཟའ་སྟོང་ཉིད་ཆོས་སྒྲོན་ནམ་དུར་བུད་དབང་མོ་ནི་ནམ་ཡང་དུས་ཚོད་ཀྱིས་འདང་གིན་མེད་པའི་བུད་མེད་ཅིག་རེད།མོ་ལ་མཚོན་ན་ཁོམ་ལོང་ཡོད་པའི་ཉི་མ་གཅིག་ཙམ་བྱུང་ཚེ།དེ་ནི་འཛམ་གླིང་གེ་སར་རྒྱལ་པོ་དང་དཀར་པོ་གླིང་གི་དཔའ་རྟུལ་དྭངས་སྨན་རྣམས་ཀྱིས་མོ་ལ་སྒྲུང་ཡིག་བྲི་བར་བསྩལ་བའི་དུས་ཀྱི་གནང་སྦྱིན་ཡིན་པར་མཐོང་གི་འདུག་པ་རེད།

སྤྱི་རྩིས༢༠༢༤ལོའི་ཟླ་དྲུག་པར་ཡིགངོར་ཕབ་པ་དང༢༠༢༥ལོའི་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན་བཟོ་བཅོས་བྱས།

ལྷོ་པ་འགྱུར་མེད་རྡོ་རྗེ།སྨྱུག་མིང་ལ་མཛེས་སེ་ཟེར།ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་རྫོང་མགོ་གྲོང་སྡེ་རུ་སྐྱེས་པ་དང་།ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་སུ་ལས་ཀ་སྒྲུབ་བཞིན་མཆིས་ལ།མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་འགན་གཙོ་དང་།ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་མིང་ཁུར་ཡོད།རྩོམ་རིག་བརྩམས་དེབ་དང་རྩོམ་རིག་བསྒྱུར་དེབ་དང་།གླིང་སྒྲུང་ཡིག་སྒྱུར་་དང་སྒྲིག་སྒྱུར་དང་སྒྲིག་འབྲི་བྱས་པའི་དཔེ་དེབ་སོགས་སྣ་ཁ་སུམ་ཅུར་ཉེ་བ་པར་དུ་བསྐྲུན་ཟིན།སྔ་རྗེས་སུ་སྦྲང་ཆར་རྩོམ་རིག་བྱ་དགའ་དང་འབྲོང་རྩོམ་རིག་བྱ་དགའ་དང་ཟླ་ཟེར་རྩོམ་རིག་བྱ་དགའ་དང་།མཚོ་སྔོན་རྩོམ་རིག་སྒྱུ་རྩལ་བྱ་དགའ་དང་།ཐིན་ཅེན་གྱི་སུན་ལི་ལྷུག་རྩོམ་བྱ་དགའ་དང་།རྒྱལ་ཡོངས་གངས་རྒྱན་རྩོམ་རིག་བྱ་དགའ་དང་།རྟ་མཆོག་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།