ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སློབ་སྦྱོང་ཐེངས་བཅུ་བདུན་པར་འགོ་འཛིན་མཛད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12བའི་ཚེས3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་རྒྱུ”བརྗོད་དོན་གཙོ་བོར་བྱས་ནས། ཆེད་དོན་སློབ་སྦྱོང་ཐེངས་བཅུ་བདུན་པ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་ནན་ཏན་དང་། མི་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་གནས་པའི་ནང་མཁོའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་གང་ལེགས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས་པ་ནན་གྱིས་བསྟན།

ཀྲུང་གོའི་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་བཅོས་སྒྱུར་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རིན་ཀའོ་གོ་ལིས་ཀྱིས་འགྲེལ་བརྗོད་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་དང་ཧོ་ལི་ཧྥུང་།  རྒྱལ་སྲིད་ཨུ་ཡོན་ཝང་ཞའོ་ཧུང་གིས་བརྗེ་རེས་གཏམ་བཤད།

ལི་ཆང་གིས་འགྲེལ་བརྗོད་དང་བརྗེ་རེས་གཏམ་བཤད་ལ་གསན་རྗེས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་ནི་ནང་མཁོ་རྒྱ་ཆེར་གཏོང་བ་དང་། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རྒྱལ་ནང་འཁོར་རྒྱུག་ཆེན་པོ་སྟོབས་ཆེར་གཏོང་བའི་བྱེད་པ་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་རེད། ཀྲུང་གོའི་དེང་རབས་ཅན་གྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ལས་འགན་ཁོང་དུ་ཆུད་པར་བྱས་ཏེ། ལས་དོན་དེ་འཐབ་ཇུས་ཀྱི་གནས་སུ་བཞག་ནས་དམ་འཛིན་ཡག་པོ་བྱེད་དགོས། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་། གྲོང་ཁྱེར་གྱི་སྤུས་ཚད་མཐོར་འདེགས། ཐོན་ལས་གཅིག་སྡུད་རིམ་སྤོར་བཅས་ཀྱི་མཉམ་འགུལ་མཉམ་སྐྱོད་མངོན་འགྱུར་ཧུར་ཐག་བྱེད་དགོས།

ལི་ཆང་གིས་བསྟན་དོན། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་དུས་མཚམས་རང་བཞིན་གྱི་འཕེལ་ཕྱོགས་རང་བཞིན་གྱི་ཁྱད་ཆོས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ལས་དོན་གྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཆར་འགོད་ལག་བསྟར་ཡག་པོ་བྱས་ནས། “མི་དང་ཐོན་ལས། གྲོང་ཁྱེར”བཅས་ཀྱི་བཀོད་སྒྲིག་ལེགས་སྒྱུར་བྱ་དགོས་པར་མ་ཟད། གྲོང་ཁྱེར་མི་འདྲ་བའི་གནས་ཚུལ་ལ་གཞིགས་ནས་རིགས་དབྱེ་ཁྲིད་སྟོན་བྱ་དགོས། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཞིང་ལས་གནས་སྤོར་མི་འབོར་གྲོང་མི་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཀྱི་གནས་སྤོར་མི་འབོར་གྱི་ལས་ཞུགས་དང་། སྤྱི་ཚོགས་འགན་སྲུང་། བདེ་སྡོད། བུ་ཕྲུག་གི་སློབ་གསོ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གྲོང་ཁྱེར་གསར་སྒྱུར་གྱི་བྱ་འགུལ་ལག་བསྟར་གཏིང་ཟབ་བྱེད་པ། གྲོང་ཁྱེར་གསར་སྒྱུར་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བ། ཐོག་ཁང་དང་ཚོང་ར་བརྟན་པོ་བཟོ་བ་སོགས་ཀྱི་ལས་དོན་ཟུང་འབྲེལ་བྱས་ཏེ། ཁང་པ་འཛུགས་སྐྲུན་དང་ས་ཁང་བདག་ཁོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་རྒྱུ་གཉིས་གྲུབ་ཚུལ་ཤུགས་ཆེན་པོས་སེལ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་དང་ཐོན་ལས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།