ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་དང་ལའོ་ཝུའོ་སྲིད་གཞུང་གི་གདན་ཞུས་ལྟར། ཟླ12པའི་ཚེས1ཉིན་ནས་ཚེས3ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ ཝང་ཧུའུ་ཉིང་གིས་ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ ལའོ་ཝུའོ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་བར་མ་ཟད། ལའོ་ཝུའོ་རྒྱལ་ཁབ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས། ཝང་ཧུའུ་ཉིང་གིས་ཝན་ཞང་དུ་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་། ཙུང་ལི་སུང་སའེ་དང་། རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སའེ་སུང་ཕུང་བཅས་ལ་སོ་སོར་མཇལ་ཕྲད་གནང་བ་དང་། རྒྱལ་འཛུགས་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞིན་ལ་ཧྥུང་དང་གྲོས་མོལ་མཛད།
ཐུང་ལུན་ལ་མཇལ་འཕྲད་གནང་སྐབས། ཝང་ཧུའུ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་བར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་རྟེན་འབྲེལ་གློག་འཕྲིན་བརྒྱུད་སྤྲོད་གནང་ནས། ལའོ་ཝུའོ་རྒྱལ་ཁབ་བཙུགས་ནས་ལོ50འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཝང་ཧུའུ་ཉིང་གིས་ཉིན་འགའི་སྔོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ལ་མཇལ་འཕྲད་གནང་ནས། དུས་རབས་གསར་པའི་ནང་གི་ཀྲུང་ལའོ་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ཐད་རླབས་ཆེན་གྱི་འཆར་འགོད་གནང་། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝུའོ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་ཀྱི་འཐབ་ཇུས་ཐད་ཀྱི་དགོངས་ཚུལ་གཅིག་མཐུན་དོན་འཁྱོལ་ལེགས་པོ་བྱེད་པ་དང་། ཐའེ་ཝན་གྱི་གནད་དོན་སོགས་ཕན་ཚུན་གྱི་རྩ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་དང་འབྲེལ་བའི་གནད་དོན་གལ་ཆེན་ཐད་མུ་མཐུད་ནས་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་ལའོ་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་འདོད་ཡོད་ཚུལ་བསྟན། ཝང་ཧུའུ་ཉིང་གིས་ད་དུང་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གནས་ཚུལ་ཁྱབ་བསྒྲགས་གནང་།
ཐུང་ལུན་གྱིས་ཝང་ཧུའུ་ཉིང་ལ་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཐད་ཀྱི་བླ་ན་མེད་པའི་གུས་འདུད་དང་སྙིང་ཉེ་བའི་འཚམས་འདྲི་བརྒྱུད་ཞུ་བྱས་ཤིང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས། ཐུང་ལུན་གྱིས་མིག་སྔར་ལའོ་ཀྲུང་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པས། ལའོ་ཀྲུང་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ཚད་རིམ་སྔར་ལས་མཐོ་བར་སྐུལ་འདེད་གཏོང་འདོད་ཡོད་པ་དང་། ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད་པ་བསྟན།
སུང་སའེ་ལ་མཇལ་ཕྲད་གནང་སྐབས། ཝང་ཧུའུ་ཉིང་གིས་ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝུའོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་ལའོ་ཡི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མཐའ་འཁོར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་དཔེ་སྟོན་བྱེད་འདོད་ཡོད་པ་བསྟན།
སུང་སའེ་ཡིས་ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོས་རང་གི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་ཀྲུང་གོ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི་ལའོ་ཀྲུང་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད་པ་བསྟན།
སའེ་སུང་ཕུང་ལ་མཇལ་ཕྲད་གནང་སྐབས། ཝང་ཧུའུ་ཉིང་གིས་ཀྲུང་ལའོ་ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྒུལ་ཤུགས་གསར་པ་སྣོན་དགོས་པ་བསྟན།
སའེ་སུང་ཕུང་གིས་ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་ལ་ཤུགས་བསྣན་ནས་ལའོ་ཀྲུང་མཛའ་མཐུན་དང་དངོས་སྒྲུབ་མཉམ་ལས་ཐད་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན།
ཞིན་ལ་ཧྥུང་དང་གྲོས་མོལ་གནང་སྐབས། ཝང་ཧུའུ་ཉིང་གིས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ལའོ་ཝུའོ་རྒྱལ་འཛུགས་འཐབ་ཕྱོགས་དང་སྤེལ་རེས་མཉམ་ལས་ལ་ཤུགས་བསྣན་ནས་ཀྲུང་ལའོ་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་པ་བསྟན།
ཞིན་ལ་ཧྥུང་གིས་ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་མཉམ་ལས་སྤེལ་རེས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་དང་ཏན་ཏིག་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན།
འཚམས་འདྲི་གནང་བའི་སྐབས་སུ། ཝང་ཧུའུ་ཉིང་ལའོ་ཝུའོ་རྒྱལ་ཁབ་བཙུགས་ནས་ལོ50འཁོར་བའི་རྒྱལ་སྟོན་གྱི་མང་ཚོགས་འདུ་ཚོགས་དང་དམག་གཟིགས་མཛད་སྒོར་ཞུགས་ནས། ལའོ་ཝུའོ་ཡི་མིང་མེད་འཐབ་མོ་བའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་ཕྲེང་བ་ཕུལ་བ་དང་། ཀྲུང་ལའོ་ལྕགས་ལམ་ ཝན་ཞང་ས་ཚིགས་ལ་རྟོག་ཞིབ་གནང་བར་མ་ཟད། ཀྲུང་ལའོ་ལྕགས་ལམ་ཤར་གཏོང་བྱས་ནས་ལོ4འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས།
ཝང་ཏུང་ཧྥུང་སོགས་གོང་གསལ་བྱེད་སྒོར་ཞུགས།