སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “གྲངས་འབོར་ཆེ་བའི་གཞི་གྲངས་དང་བེད་སྤྱོད་རྣམ་པའི་སྣ་མང་ཕུན་ཚོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གྲངས་འཛིན་ལག་རྩལ་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས། སྲོལ་རྒྱུན་ཐོན་ལས་ལ་ནུས་པ་བསྩལ་ཏེ་རིམ་སྤོར་ཚུལ་སྒྱུར་བྱས་ནས། ཐོན་ལས་གསར་བ་དང་ལས་ཞུགས་ཀྱི་རྣམ་པ་གསར་བ་གསར་སྤེལ་སྒོས་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་མུ་མཐུད་དུ་ལེགས་སྒྱུར་བྱེད་དགོས།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། རང་རྒྱལ་གྱིས་གྲངས་འཛིན་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས། གཞི་གྲངས་ཐོན་ལས་ཅན་གྱི་གཞི་ཁྱོན་བརྟན་པོའི་ངང་རྒྱ་བསྐྱེད་པ་དང་། གཞི་གྲངས་ལག་རྩལ་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཏུ་བཏང་། ཐོན་ལས་གཞི་གྲངས་ཅན་དུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་དང་གྲངས་འཛིན་དཔལ་འབྱོར་དེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར།
སྤྲིན་རྩིས་སུ། གཞི་གྲངས་ཁེ་ལས་བཞི་འབུམ་ལྷག་གིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འཁོར་སྒྲོམ་ཁྲི་སྟོང་མང་པོར་རྩིས་ནུས་ཀྱི“རིམ་འདས་སྟེགས་བུ”བསྐྲུན་ཡོད། རབས་ལྔ་བའི་སྦྲེལ་ཚུགས་ས་ཡ་བཞི་འབུམ་བདུན་ཁྲི་ལྔ་ལྷག་གྱིས་ལས་རིགས་མང་པོའི་རྣམ་པ་གསར་རྐྱང་གི་འཕོ་འགྱུར་འདེགས་སྐྱོར་བྱས།
བཟོ་གྲྭའི་ནང་དུ་བཟོ་ལས་འཕྲུལ་མིས་གནད་འཁེལ་མཉམ་ལས་བྱས་ཏེ། “རབས་ལྔ་བ་དང་བཟོ་ལས་དྲ་སྦྲེལ”གྱི་ལས་གཞི་ཉིས་ཁྲི་ལྷག་ས་ཁོངས་ཧྲིལ་པོར་ཁྱབ་ནས་བཟོ་ལས་རིགས་ཆེ་གྲས་བཞི་བཅུ་ལྷག་ལ་ཁྱབ་ཏེ། “ཀྲུང་གོའི་རིག་སྐྲུན་”ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
བརྙན་ཡོལ་བར་དུ། འཛད་སྤྱོད་པ་ཁྲག་ཁྲིག་མང་པོའི་མཛུབ་མོ་འགུལ་སྐྱོད་ཀྱིས་འཛམ་གླིང་ཧྲིལ་པོའི་དྲ་རྒྱའི་སིལ་ཚོང་ཁྲོམ་ར་ཆེ་ཤོས་ཐོན་ནས་བཀོལ་སྤྱོད་ཀྱི་རྣམ་པ་རིམ་བཞིན་མགྱོགས་སུ་ཕྱིན་ཡོད། རིག་ལྡན་འཚོ་བའི་རླབས་རྒྱུན་གསར་བ་འཕྱུར་བཞིན་ཡོད།
དེ་རིང་གི་ཀྲུང་གོས་གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་གྱི་ཕྱོགས་གཉིས་ནུས་འདོན་གྱིས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་མཛེས་ལྗོངས་བསྐྱར་དུ་བཏོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲངས་ཀའི་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ཚན་རྩལ་གསར་གཏོད་ཀྱི་འཕེལ་ཕྱོགས་གསལ་རྟོགས་གཏིང་ཟབ་གནང་སྟེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཐད་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་། ཁོང་གིས་ནན་གྱིས་བསྟན་དོན། “མགྱོགས་ཤིང་གང་སར་ཁྱབ་པ་དང་། གནམ་ས་གཞི་གཅིག་ཏུ་འདྲེས་པ། སྤྲིན་དྲ་མཉམ་འདྲེས། རིག་ནུས་སྐྱེན་པོ། ལྗང་མདོག་ཐཱན་ཉུང་། བདེ་འཇགས་ཚོད་འཛིན་ཐུབ་པ་བཅས་ཀྱི་རིག་ནུས་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་གྲངས་ཀའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆ་འཕྲིན་“འཕར་རྩ་ཆེན་པོ”ཤར་གཏོང་བྱས་ཏེ། གྲངས་འཛིན་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས། ཁོང་གིས“གྲངས་ཀའི་དཔལ་འབྱོར་ལ་གསར་གཏོད་རང་བཞིན་དང་། སིམ་ཤུགས་ཆེ་བ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་རང་བཞིན་ལྡན་ཡོད། དཔལ་འབྱོར་འཕར་གཞི་གསར་པ་ཡིན་པ་མ་ཟད། སྲོལ་རྒྱུན་གྱི་ཐོན་ལས་བསྒྱུར་བཀོད་དང་རིམ་སྤར་བྱེད་པའི་བརྟེན་ས་ཡིན་པས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་གལ་ཆེན་དུ་འགྱུར་ཐུབ། ཐོན་ལས་གྲངས་འཛིན་ཅན་དུ་འགྱུར་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱ་དགོས་པ་བསྟན།
རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཐོན་ལས་དཔལ་འབྱོར་ཞིབ་འཇུག་པུའུ་ཡི་པུའུ་ཀྲང་གཞོན་པ། ཞུས་ཀྲའོ་ཡོན་གྱིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། འཛམ་གླིང་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་འཕོ་འགྱུར་གྱི་འཕེལ་ཕྱོགས་གསར་པར་ཁ་གཏད་གཅོག་པར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་འཕྲལ་དུ་འཚོལ་དགོས་ཀྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་རབ་དང་རིམ་པའི་ནང་མཁྲེགས་ཆས་རྨང་གཞི་བྱས་པའི་འཛུགས་སྐྲུན་ཁ་ཕྱོགས་དང་། དངོས་ཕུང་དཔལ་འབྱོར་དང་མཉམ་འདྲེས་ཀྱི་འཕེལ་རྒྱས་ཐབས་ལམ། ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས། བཅོས་སྐྱོང་མ་ལག་ཚད་ལྡན་དུ་གཏོང་བ་སོགས་ཕྱོགས་གང་ཅིའི་ཐད་ནས། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གཏན་འཁེལ་བྱས། ཉེ་བའི་ལོ་ཤས་རིང་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ལོ་རེར15%ཡི་མྱུར་ཚད་ཀྱིས་འཕར་ནས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་ཕྱོགས་ཡོངས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། རང་རྒྱལ་གྲངས་འཛིན་དཔལ་འབྱོར་གྱི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས། 2024ལོར། གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་རིན་ཐང་འཕར་མ་དེ“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་ལས་73.8%འཕར་ནས་རྒྱལ་དམངས་དཔལ་འབྱོར་གྱི10.4%ཟིན། སའི་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཆ་འཕྲིན་འཕྲིན་སྐྱེལ་དྲ་བ་བཙུགས་ཏེ། རྩིས་ནུས་སྤྱིའི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་གཉིས་པ་དང་དཔེ་དབྱིབས་ཆེན་པོའི་གྲངས་འབོར་གོ་ལ་ཧྲིལ་པོའི་ཨང་དང་པོ་རེད། མིག་སྔའི་ཆུ་ཚད་མཐོ་ཤོས་ཀྱི་གློག་འགོག་མེད་པའི་ཚད་རྡུལ་རྩིས་འཁོར་ལེགས་གྲུབ་བྱུང་བ་དང་། འདུས་གྲུབ་གློག་ལམ་དང་། རྨང་གཞིའི་མཉེན་ཆས། མིས་བཟོས་རིག་ནུས་སོགས་གཙོ་གནད་ཁྱབ་ཁོངས་གཅིག་རྗེས་གཉིས་མཐུད་ངང་ཚད་བརྒལ་གསར་པ་བྱུང་། གྲངས་འཛིན་ལག་རྩལ་གསར་གཏོད་ཀྱི་གྲུབ་འབྲས་རྒྱུན་མ་ཆད་པར་ཐོན། ཐོན་སྐྱེད་བྱ་རིམ་ཐོག AIཡི་བརྒྱུད་རིམ་ཧྲིལ་པོར་མཁོ་འདོན་ཚོང་པ700ལྷག་དང་དངོས་ཟོག་སྣ་ཁ་བཞི་འབུམ་ལྷག་མགྱོགས་མྱུར་དོ་སྙོམས་བྱུང་ནས་ནུས་རྒྱུ་གྲོན་ཆུང་གི་ཕན་འབྲས50%ལས་བརྒལ་བ་དང་། རིག་ནུས་འཁོར་ཁང་ནང་། རྩིས་ཐབས་ཀྱིས་ཆུ་ཚོད24རིང་མགྱོགས་མྱུར་ངང་དངོས་རྫས་རེ་རེའི་རྣམ་པ་དང་རྗེས་ཤུལ་ལ་དབྱེ་ཞིབ་བྱས་ནས་ཐོན་སྐྱེད་ཞིབ་ཚད་80%མཐོ་རུ་ཕྱིན།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། ཐོན་ལས་གྲངས་འཛིན་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། རིག་ནུས་བཟོ་གྲྭ་ཆིག་ཁྲི་ལྷག་བསྐྲུན་ནས་བཟོ་སྐྲུན་ལས་རིགས་ཀྱི་རིགས80%ལྷག་ལ་ཁྱབ་ཡོད། མིས་བཟོས་རིག་ནུས་ལས་རིག་ས་མང་པོར་འདྲེས་ནས་ཐོན་ལས་གཞི་ཁྱོན་སྒོར་ཁྲག་ཁྲིག་བདུན་ལས་བརྒལ། ལས་རྣམ་གསར་པ་དང་རྣམ་པ་གསར་པ་རྫོགས་མཐའ་མེད་པར་ཐོན་ནས་དཔལ་འབྱོར་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། གནའ་གྲོང་གི་ཁྲོམ་གཞུང་རྙིང་པ་དེ་གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི“སྒུལ་ཤུགས་གསར་པ”ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་གོང་སྤེལ་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས“རིག་གནས་སྲུང་སྐྱོབ་རྒྱུན་འཛིན་བེད་སྤྱོད་བཟོ་སྐྲུན”ལག་བསྟར་བྱས་པ་བརྒྱུད། རིམ་རྩིས་བྱས་ན་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དང་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་རྡལ་དང་གྲགས་ཅན་སྡེ་བ79ལ་སྤྱི་ཡོངས་ནས་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་ཐེར་འབུམ་དྲུག་དུང་ཕྱུར་དྲུག་བྱེ་བ་བདུན་བཏང་བ་དང་། མིག་སྔར་སྤྱི་ཚོགས་ཀྱི་མ་དངུལ་སྒོར་ཐེར་འབུམ་བདུན་དུང་ཕྱུར་གཉིས་བསྡུས་ཡོད། ཧྥུ་ཅན་ཆོན་ཀྲོའུ་རུ། གནའ་གྲོང་ནུབ་ལམ་སོགས་ལོ་རྒྱུས་རིག་གནས་ཁྲོམ་གཞུང་བཅོས་སྒྲིག་རིམ་སྤོར་བྱས་པ་བརྒྱུད། ད་ལོར་ཡུལ་སྐོར་ཡོང་འབབ་སྒོར་ཐེར་ཆེན་གཅིག་ཐེར་འབུམ་གཉིས་ལས་བརྒལ་ཡོད་ལ། གཞི་ཁྱོན་ལྡན་པའི་རིག་གནས་ཐོན་ལས་གཉེར་སྐྱོང་གི་ཡོང་འབབ་ན་ནིང་གི་དུས་མཉམ་ལས29.5%འཕར་ཡོད།
ད་ལོ་ནས་བཟུང་། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག“ཀུན་སྤྱོད་ལ་བརྩི་མཐོང་དང་དགེ་ལས་ལ་ཕྱོགས་པའི་ཤེས་དཔལ་གྲོང་ཁྱེར་འཛུགས་སྐྲུན་ཤུགས་ཆེན་བྱེད་དགོས”ཞེས་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི《གྲོས་གཞི》ནང“གསར་གཏོད་དང་། སྡོད་ལ་འཚམ་པ། མཛེས་སྡུག་ལྡན་པ། མཉེན་ཆ་ལྡན་པ། ཤེས་དཔལ་དང་བློ་གྲོས་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས”ཞེས་གསལ་པོར་བཏོན་ཡོད། ས་གནས་ཁག་གིས་གྲོང་ཁྱེར་གསར་སྒྱུར་དང་ལོ་རྒྱུས་རིག་གནས་སྲུང་སྐྱོབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད།
བཅར་ལན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་འཛུགས་སྐྲུན་ནུས་ཁུངས་གྲོན་ཆུང་དང་ཚན་རྩལ་སི་ཡི་སི་ཀྲང་ཁྲེན་ཧྲའོ་ཕེང་གིས་བཤད་རྒྱུར། ང་ཚོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོང་ཁྱེར་གསར་སྒྱུར་གྱི་འཆར་འགོད་གང་མགྱོགས་བཟོ་བ་དང་། གྲོང་ཁྱེར་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་མཚམས་རེ་རེ་རུ་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན།