ཟླ12པའི་ཚེས3ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལི་མེན་གྱིས་འགོ་འཛིན་བྱས། དབྱང་ཧྥུང་ཁྲུན་དང་། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་དང་དེ་བཞིན་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ནི་རང་ཞིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་འགག་རྩའི་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན། གྲོས་ཚོགས་ལས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞིར》ཞིང་ཆེན་གོང་འོག་ཡོངས་ཀྱི་བློ་གྲོས་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་ཡོད་པ་དང་། ཞིང་ཆེན་ཏང་ཨུས་ཞིང་ཆེན་གྱི་དོན་དངོས་གནས་ཚུལ་ཁོང་དུ་གཏིང་ཟབ་ཆུད་པ་དང་འཕེལ་རྒྱས་ཆོས་ཉིད་ལ་ཚན་རིག་དང་མཐུན་པའི་བརྩི་སྲུང་བྱས་པ་མཚོན་ཡོད་པས་དོན་སྙིང་གལ་ཆེན་ལྡན་ལ། སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ལག་བསྟར་དང་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཏན་ཏིག་བྱས་ཏེ། དམངས་ཆེན་གྱི་བྱ་བ་དང་ཞིང་ཆེན་ཏང་ཨུའི་ལྟེ་བའི་བྱ་བ་ཐོག་མཐའ་བར་གསུམ་དུ་གོམ་སྟབས་གཅིག་གྱུར་དང་ཕྱོགས་གཅིག་ཏུ་ནུས་ཤུགས་འདོན་ཐུབ་པར་འགན་ལེན་བྱ་དགོས། ལྟེ་བའི་ཁྱོན་ཡོངས་ལ་དམིགས་ནས། ཁྲིམས་འཛུགས་བྱ་བའི་ཐད་འདེགས་སྐྱོར་དང་འགན་སྲུང་གི་ནུས་པ་མངོན་པ་དང་། ལྟ་སྐུལ་བྱ་བའི་ཐད་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ། འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པའི་ཐད་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བཅས་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དེ་དམངས་ཆེན་གྱི་བྱ་བའི་ཁྲོད་ལག་ལེན་དུ་བསྟར་ནས་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ལོ་འཁོར་གྱི་བྱ་བ་སོ་སོ་ལེགས་སྒྲིག་དང་རྩིས་བཤེར་བྱེད་པ་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲ་སྒྲིག་སོགས་བྱ་བ་སོ་སོ་ནན་ཏན་གྱིས་ལེགས་པར་བསྒྲུབས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མགོ་ཡག་པོ་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས།