ཞིང་ཆེན་ཏང་ཨུས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་གྲོས་གཞིའི་ཐད་ནས་ཏང་ཕྱིའི་མི་སྣའི་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།     ཞིང་ཆེན་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་ནས་རང་ཞིང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་སྒྲིག་བཟོ་གཏན་འབེབས་བྱ་བའི་ཐད་ནས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།   ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་དང་མཉམ་ཤུགས་གྲུབ་པར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་ཐད་མཉམ་དུ་ཇུས་འགོད་བཟང་བོ་བྱས།   མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་པད་གོ་ཡིས་ཞིང་ཆེན་ཏང་ཨུའི་གྲོས་གཞིའི་འཆར་འགོད་གནས་ཚུལ་དང་།   སྤྱིའི་བསམ་གཞིགས་དང་ནང་དོན་གཙོ་བོ་བཅས་ཁྱབ་བསྒྲགས་བྱས།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།   ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིའུ་ཐུང་ཏི་དང་།   ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།   ཞིང་ཆེན་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཁོང་ཡུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།   དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན།    དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཅེན།    ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཁུན།   དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའ་རིན་ཨུ་ཡོན་ཀྲུའུ་ཁྲུན་ཡུན།    ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི།   ཞིང་ཆེན་ཚོང་ཚོགས་ཀྱི་ཚོགས་གཙོ་ལིས་ཆིན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།   ཚང་མས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་ལ་འདེང་འཇོག་ཆེན་པོ་བྱས་པ་དང་།     ཞིང་ཆེན་ཏང་ཨུའི་གྲོས་གཞི་ལས་མཚོ་སྔོན་གྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཐད་འཆར་འགོད་བྱས་པར་ཡོངས་སུ་འཐད་པ་ཡིན་པའི་ཚུལ་བསྟན་པར་མ་ཟད།     སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་རིམ་སྤོར།   དམངས་ཚིས་འཛུགས་སྐྲུན།   ཚོང་གཉེར་ཁོར་ཡུག    སྤྱི་ཚོགས་བཅོས་སྐྱོང་སོགས་ལ་དམིགས་ནས་བསམ་འཆར་དང་གྲོས་གཞི་བཏོན།

ཚང་མའི་གཏམ་བཤད་ལ་ཉན་རྗེས་ཝུའུ་ཞའོ་ཅུན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱེད་པའི་གྲོས་གཞིར་ཚད་མཐོའི་མཐོང་ཆེན་བྱས་ནས་ལས་རིགས་སོ་སོའི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པ་དང་།    ཚང་མས་བཏོན་པའི་བསམ་འཆར་དང་གྲོས་གཞིར་འབྲེལ་ཡོད་སྡེ་ཁག་གིས་ཞིབ་འཇུག་ནན་མོ་དང་བསྡུ་ལེན་གང་ལེགས་བྱེད་དགོས་ཞེས་བསྟན།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་དེ་ཏང་ཕྱིའི་མི་སྣའི་ཤུགས་ཆེན་པོས་རྒྱབ་སྐྱོར་དང་འབྲལ་ཐབས་མེད་པ་དང་།  ལྷག་པར་དུ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ།    དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།    ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་རྒྱལ་ཁབ་སྤྱི་གླིང་དང་ཐོན་ལས་གནས་བཞི།   ལྗང་མདོག་རྩིས་ནུས་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས་བརྟག་དཔྱད་ཟབ་མོ་དང་བློ་འདོན་ཇུས་འབུལ།  སྲིད་ཞུགས་སྲིད་གླེང་བཅས་བྱས་ནས་བྱས་རྗེས་ཆེན་པོ་བཞག་པས། དེར་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུས་པ་ཡིན་ཞེས་བསྟན།

ཝུའུ་ཞའོ་ཅུན་གྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་སྐབས་ནི་མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་གནན་འགག་གི་དུས་སྐབས་ཡིན་པས། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།  ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སོ་སོའི་དངོས་ཡོད་ལ་གཞིགས་ནས།  ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱེད་པ་དང་། ལས་རིགས་སོ་སོ་དང་ཕྱོགས་སོ་སོའི་སེམས་ཤུགས་གཅིག་བསྡུས་བྱེད་པ་དང་དངོས་སྒྲུབ་སྔོན་བརྩོན་བྱེད་པར་སྐུལ་སློང་བྱས་ཏེ།  ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་དང་རང་རྟོགས་འགུལ་སྐྱོད་དུ་བསྒྱུར་བའི་རེ་བ་བཅངས་ཡོད། འཇོན་མི་སྣ་འཛོམས་དང་རིག་སྟོབས་གཅིག་བསྡུས། འབྲེལ་འདྲིས་ཁྱབ་ཆེ་བ་སོགས་ཀྱི་དགེ་མཚན་དང་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ།  ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཁྱད་སྟོབས་བཟང་བོ། འཕེལ་རྒྱས་ཀྱི་དགོས་མཁོ་བཅས་ལ་དམིགས་ནས།  བརྟག་དཔྱད་ཞིབ་འཇུག་ཟབ་སྤེལ་བྱས་ཏེ།  དམིགས་སའི་རང་བཞིན་དང་བེད་སྤྱོད་རང་བཞིན་ལྡན་པའི་ཐག་གཅོད་ཇུས་གཞི་དང་སྲིད་ཇུས་ཀྱི་གྲོས་གཞི་སྔར་ལས་མང་བོ་འདོན་དགོས། རང་ངོས་འཛུགས་བསྐྲུན་ལ་ཤུགས་བསྣན་ཏེ།  ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་རྟོག  སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས།  ཞིང་ཆེན་ཏང་ཨུས་སྔར་བཞིན་དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།  ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་འགན་ནུས་སྒྲུབ་པ་དང་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ནས།  འཐབ་ཕྱོགས་གཅིག་གྱུར་དང་ཏང་མང་མཉམ་ལས་བྱ་གཞག་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ།  མཉམ་དུ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་བསྐྲུན་ཐད་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།