ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་དང་རྒྱུན་ལས་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ12པའི་ཚེས3ཉིན།   ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི།   ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན།  ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།    ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པར་མ་ཟད།    ནུས་ཁུངས་གསར་པའི་རླངས་འཁོར་འཛད་སྤྱོད་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས།   སྤྱི་བའི་གཞི་གྲངས་ཐོན་ཁུངས་གསར་སྤེལ་བེད་སྤྱོད།  ཐུམ་འབུའི་ནད་ཀྱི་འགོག་བཅོས།    ཡོམ་འགོག་གནོད་སེལ་གནོད་སྐྱོབ་སོགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ཀྱིས་ཟླ11པའི་ཚེས28ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།  གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ་སྐོར་ཞིབ་དག་ཐེར་ལེགས་བཅོས་དམ་འཛིན་ནན་མོ་བྱས་ཏེ་ལེགས་བཅོས་ཀྱི་ཕན་འབྲས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།   རྒྱུན་འཁྱོངས་ལྷོད་མེད་སྒོས་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་ཕན་འབྲས་ཆེན་པོ་འབྱུང་བར་སྐུལ་འདེད་བཏང་སྟེ་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བཟང་བོ་བསྐྲུན་དགོས་ཞེས་བསྟན།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་དགོས་ན་སྔར་ལས་ལག་བསྟར་བྱ་དགོས་པ་ལྔ་བཟང་བོར་སྒྲུབ་དགོས་ཞེས་པ་དང་།    ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གསུམ་པར་མགོ་འཛིན་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན།   ཞང་ཀང་ཞིན་ཅེ་ཏ་ཕུའུ་ཁུལ་སྡོད་ཁང་ཐོག་ཁང་ལ་མེ་སྐྱོན་ཚབས་ཆེན་བྱུང་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན།    ཀྲུང་གོ་དང་ཨུ་རུ་སུའི་ནུས་ཁུངས་ཚོང་དོན་གླེང་སྟེགས་སྐབས་བདུན་པ་དང་ཀྲུང་གོའི་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མིའི་ཚོགས་ཆེན་སྐབས་གསུམ་པར་ཕུལ་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།    གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ནས་སྔར་ལས་དོན་འཁྱོལ་བྱ་དགོས་པ་ལྔའི་བླང་བྱ་གལ་ཆེན་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གོ་རིམ་ཡོངས་དང་ཕྱོགས་སོ་སོར་འདྲེས་པར་བྱ་དགོས།   བློ་བརྟན་འགྱུར་མེད་སྒོས་དྲ་རྒྱ་དོ་དམ་དང་དྲ་རྒྱ་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ནས་དྲ་རྒྱའི་བར་སྟོང་བཟང་བོ་དང་འཕེལ་རྒྱས་རྨང་གཞི་བརྟན་པོར་འཛུགས་དགོས།   སྟོབས་ཤུགས་ཡོད་རྒུས་མེ་ཟོན་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་བྱ་བ་དམ་འཛིན་བྱས་ནས་སྤྱི་ཚོགས་ཀྱི་བརྟན་འཇགས་དང་མི་དམངས་ཀྱི་བདེ་འཇགས་བརྟན་སྲུང་བྱ་དགོས།   སྒོ་འབྱེད་གོ་སྐབས་དང་ཁྱད་ལྡན་དགེ་མཚན་ལ་དམ་པོར་དམིགས་ནས་རྒྱལ་ཁབ་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱེད་ནུས་སྔར་ལས་བཟང་བོ་མངོན་པར་བྱ་དགོས་ཞེས་བསྟན།

གྲོས་ཚོགས་ལས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་ངོས་འཛིན་ཟབ་མོ་བྱེད་པའི་ཁྲོད་ཡིད་ཆེས་དང་ཆོད་སེམས་ཇེ་དྲག་ཏུ་གཏོང་བ་དང་།     དགོངས་དོན་གྱི་ངོ་བོར་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པའི་ཁྲོད་བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་བྱེད་པ།   བཀོད་སྒྲིག་གཙོ་བོ་དོན་འཁྱོལ་ནན་མོ་བྱེད་པའི་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།    བྱ་བའི་མགོ་བཟང་བོར་རྩོམ་པའི་ཁྲོད་སང་ལོའི་དཔལ་འབྱོར་བྱ་བར་འཆར་འགོད་ནན་མོ་བྱེད་པ།   གཅིག་གྱུར་འཆར་འགོད་དང་ལྟ་རྟོག་ནན་མོ་བྱེད་པའི་ཁྲོད་མིག་སྔར་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བ་དམ་འཛིན་བཟང་བོ་བྱེད་པ།    དྲིན་གཟོ་ཤེས་པ་དང་བརྩེ་སེམས་ལྡན་པ།   དངོས་སྒྲུབ་གཙོར་འཛིན་གྱི་འགན་འཁྲི་བཅས་ལ་བརྟེན་ནས་དཀའ་གནད་མཁྲེགས་གཏོར་དང་མུ་མཐུད་འབད་འཐབ་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་ཐད་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལོན་པར་འགན་སྲུང་བྱ་དགོས་ཞེས་བསྟན།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཀྱིས་ཟླ11པའི་ཚེས27ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས།   གྲོས་ཚོགས་ལས་ཕྱོགས་བསྡུས་ལྟ་སྐུལ་གྲུབ་འབྲས་བེད་སྤྱོད་ལེགས་པོ་བྱས་ཏེ་དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་བྱ་བའི་ཕན་འབྲས་མཐོར་འདེགས་ཡོང་བར་སྐུལ་འདེད་གཏོང་དགོས།   གཞི་རྩའི་སྤྱི་བའི་སྨན་བཅོས་འགན་སྲུང་གི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་དགོས་མཁོ་སྔར་ལས་བཟང་བོར་སྐོང་དགོས།    དམངས་ཡོངས་ཀྱི་ལྟ་ཀློག་བྱེད་སྒོ་སྔར་ལས་ཟབ་སྤེལ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་ཚད་མཐོར་འདེགས་གཏོང་དགོས་ཞེས་བསྟན།

གྲོས་ཚོགས་ལས་སྤུས་ཚད་མཐོ་བའི་གློག་གསོག་རྨང་གཞིའི་སྒྲིག་ཆས་མ་ལག་བཙུགས་ནས་ནུས་ཁུངས་གསར་པའི་རླངས་འཁོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།   འཆར་འགོད་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ནས་ཚད་གཞི་མཐོན་པོས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱ་དགོས།   ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་བའི་གཞི་གྲངས་ཐོན་ཁུངས་བེད་སྤྱོད་བྱས་ནས་གཞི་གྲངས་རྒྱུ་རྐྱེན་གྱི་འཁོར་རྒྱུག་བཟང་བོ་དང་རིན་ཐང་མངོན་འགྱུར་བྱ་དགོས།   སྐོར་གསར་པའི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་མཁྲེགས་གཏོར་འགུལ་སྐྱོད་ནན་མོ་སྤེལ་ནས་འགོག་བཅོས་གྲུབ་འབྲས་སྲ་བརྟན་མཐོར་འདེགས་གཏོང་དགོས།   ས་ཡོམ་གྱི་འཕྲལ་བསྟུན་སྔོན་ཇུས་མ་ལག་འཐུས་ཚང་དུ་བཏང་ནས་ཡོམ་འགོག་གནོད་སེལ་གནོད་སྐྱོབ་འགོག་ར་བརྟན་པོར་འཛུགས་དགོས་ཞེས་བསྟན།

གྲོས་ཚོགས་ལས་ད་རུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།