ཉེ་སྔོན་འཚོགས་པའི་ཞིང་ཆེན་དང་པུའུ་གཉིས་ཀྱིས་མཉམ་དུ་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་གནས་བསྐྲུན་པའི་བྱ་བའི་གྲོས་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2021ལོ་ནས་ད་ལོའི་ཟླ་དྲུག་པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་རིམ་བསགས་ཀྱིས་ཏུན་ཁྲི324.8ཕྱིར་གཏོང་བྱས་པ་དེ་རིན་ཐང་སྒོར་དུང་ཕྱུར559.1ལ་སླེབས། དེ་གཉིས་ལོ་རེར་ཆ་སྙོམས་ཀྱིས་སོ་སོར41%དང43%འཕར་ཡོད། ལོ་ངོ5ཡི་རིང་ལ། ཞིང་ལས་ཞིང་སྡེ་པུའུ་ཡི་མཛུབ་སྟོན་འོག མཚོ་སྔོན་གྱི་གོང་འོག་ཚང་མས་དམིགས་འབེན་ལ་དམ་པོར་དམིགས་ཤིང་འགག་སྒོ་བསྒྲལ་ཅིང་དཀའ་ཁག་ཁྱད་དུ་བསད་དེ། ཕྱིར་གཏོང་བྱེད་གནས་དེ“འཆར་གཞི”ནས“དངོས་ཡོད”དུ་བསྒྱུར་པ་དང་། འཆར་འགོད་ཀྱི་འཕེལ་རྒྱས་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་ལ་ཉེ།
ལོ་ངོ5ཡི་རིང་ལ། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་དང་རྒྱལ་ཡོངས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་གལ་ཆེན་གྱི་ཐོན་སྐྱེད་རྟེན་གཞི། རྒྱལ་ཁབ་རིམ་པའི་ལོག་གར་དང་ཞོག་ཁོག་གི་ས་བོན་སྐྱེད་སྲིང་རྟེན་གཞི། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྐྱེ་ལྡན་འཕང་འབྲས་ཐོན་སྐྱེད་རྟེན་གཞི། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་འཁྱགས་གསོ་ཉའི་རྟེན་གཞི་བཅས་བསྐྲུན་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་ནུས་པ་དང་ཕྱོགས་བསྡུས་ཕན་འབྲས་མངོན་གསལ་གྱིས་མཐོར་འདེགས་བྱས། ལྗང་མདོག་སྐྱེ་ལྡན་གྱི་ཁེབས་ཚད་སྔར་བས་རྒྱ་བསྐྱེད་དེ་ལོ་འདིའི་ནང་ཞིང་ཆེན་ཡོངས་ནས་སྐྱེ་ལྡན་རྩྭ་ཐང་ངོས་བཟུང་བའི་རྒྱ་ཁྱོན་མུའུ་དུང་ཕྱུར4.5ལ་སླེབས་པ་དང་། རྒྱལ་ཡོངས་སུ་བསྐྱར་དུ་བེད་སྤྱོད་བྱས་ཆོག་པའི་རྩྭ་ཐང་གི་སྐྱེ་ལྡན་ལ་ཡོངས་སུ་ལྟ་ཞིབ་བྱས་པ་ཐོག་མ་ཡིན། ཞིང་ལས་ཐོན་རྫས77བདེ་བླག་གིས“རྒྱལ་ཡོངས་ཀྱི་མིང་གྲགས་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་གསར་པ”ཡི་མིང་ཐོའི་གྲས་སུ་ཚུད། དེ་ལས་གཞན། མཚོ་སྔོན་གྱིས་ཞིང་ལས་ཐོན་སྐྱེད་ཀྱི་ཕྱོགས་བསྡུས་ནུས་པ་ཁྱོན་ཡོངས་ནས་བདེ་བླག་གིས་མཐོར་འདེགས་བྱུང་བ་དང་། ཁྱད་ལྡན་དགེ་མཚན་གྱི་ཐོན་རྫས་བརྟན་པོར་འཕར་བའི་སྒོ་ནས་ཐོན་སྐྱེད་བྱས་ཤིང་། ཞིང་ལས་ལོ་ཏོག་གི་ས་བོན་ལེགས་པོ་ཁེབས་ཚད98.2%བསླེབས་ཡོད། “མཚོ་སྔོན་ཞོག་ཁོག9པ”རྒྱལ་ཡོངས་སུ་འདེབས་པའི་རྒྱ་ཁྱོན་མུའུ་ཁྲི747དུ་བསླེབས་ནས། བསྟུད་མར་ལོ་ངོ4ལ་རྒྱལ་ཡོངས་ཀྱི་ཞོག་ཁོག་འདེབས་པའི་ས་བོན་བཟང་པོར་གྱུར། ནོར་གནག་དང་འབྲོག་ལུག་གསོ་སྤེལ་རྟེན་གཞི(སྐྱེ་ཁམས་ཕྱུགས་ར)554ལ་རོགས་སྐྱོར་བྱས་ཏེ། རྫོང་ཁག4ཡི་རྩྭ་ཐང་ཕྱུགས་ལས་དེ་རྒྱལ་ཁབ་རིམ་པའི་ཚོད་ལྟའི་རྫོང་དུ་རིམ་པ་སྤར། ནོར་ལུག་བཙོང་ཚད་བརྟན་འཇགས་སྒོས་ཁྲི900ཡན་དུ་སྲུང་འཛིན་བྱས་ལ། ནོར་གནག་དང་འབྲོག་ལུག་གི་བཙོངས་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས།
དུས་མཚུངས་སུ། མཚོ་སྔོན་གྱིས་འཁྱགས་གསོ་ཉ་དང་བསིལ་སྐྱེས་སྔོ་ཚོད་ཏུན་ཁྲི་རིམ་པའི“འཁྱགས་བསིལ”ཐོན་ལས་ཀྱི་ཁྱུ་ཚོགས་འཛུགས་སྐྲུན་ལ་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། མུའུ་བརྒྱ་ཡན་གྱི་སྔོ་ཚོད་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི312བཙུགས་པ་དང་། ཞིང་ཆེན་ཡོངས་ཀྱི་སྔོ་ཚོད་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི66ལ་སླེབས་ཤིང་སྤྱིའི་ཐོན་ཚད་ཏུན་ཁྲི170ལ་ཉེ་བས། 2020ལོའི་ལོ་མཇུག་དང་བསྡུར་ན12.3%འཕར། འཁྱགས་གསོ་ཉའི་ཐོན་ལས་ཐད་གསོན་ཤུགས་དྲག་པོ་རྒྱས་ཏེ། ཉ་ཀོས་ཙུན་གཙོ་བོ་ཡིན་པའི་འཁྱགས་གསོ་ཉའི་ཐོན་ཚད་ཏུན་ཁྲི1.9ལ་བསླེབས་ནས། རྒྱལ་ཡོངས་ཀྱི30%ཟིན་ཡོད།
ཕྱིར་གཏོང་གི་ལམ་ཁ་ཁྱོན་ཡོངས་ནས་རྒྱ་བསྐྱེད་དེ། ཞིང་ཆེན་གཞན་ནས་ཆེད་འདོན་གྱི་རྟེན་གཞི་དང་རོལ་མྱོང་ཚོང་ཁང26བཙུགས། རིགས་ཆེན8ཀྱི“མཐོ་སྒང་གི་ཐོན་རྫས་ཕུལ་བྱུང”བརྒྱ་ལྷག“ཀྲུང་ཞིན་ཡུས་ཅ”དང“ཀྲུང་ཞིན་ཏ་ཁྲང་ཞིན་འཚོ་བ”སོགས་ཀྱི་ཀྲུང་དབྱང་ཁེ་ལས་ཀྱི་དྲ་འཚོང་སྟེགས་བུའི་སྟེང་ན་འཚོང་བཞིན་ཡོད། མཚོ་སྔོན་འཐེན་ཐུག་གི་མ་དཔེ་ཟ་ཁང200ལྷག་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་དྲ་ལམ་དུ་སིལ་འཚོང་བྱེད་པའི་ཚད་ལོ་རེར་ཆ་སྙོམས་ཀྱིས36%འཕར། །