གཏེར་ལེན་ཁ་ཡི་ཁོངས་སུ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རིམ་པ་དང་པོའི་སྲོག་ཆགས་འཕར་བ་མངོན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་ཆུ་མགོའི་གསར་འགྱུར་འཕྲིན་ནས་སྤེལ་བའི་འཕྲིན། ཟླ12ཚེས2ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་གསལ་ལྟར་ན། ཅུའུ་དེས2025ལོའི་དམར་ཕྱིའི་པར་ཆས་ཀྱི་ཚད་ལེན་གཞི་གྲངས་ལེགས་སྒྲིག་བྱེད་པའི་སྐབས། ད་ལོའི་ཟླ4པ་ནས5པའི་བར་དུ། ཧུའེ་ཐོའུ་ཐ་ལའི་ནུབ་བྱང་གི་རི་ཁུལ་དུ་སྔ་རྗེས་སུ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རིམ་པ་དང་པོའི་སྲོག་ཆགས་འཕར་བ་འགྲོ་འོང་གི་བརྙན་ཐེངས་གཉིས་ལ་ཕབ་ཡོད་པ་རྙེད། དེ་ནི་གཏེར་ལེན་ཁ་གྲོང་ཁྱེར་དུ་འཕར་བ་མཐོང་བའི་བརྙན་ཐོག་མ་ཡིན་པ་ལ།  ས་གནས་དེའི་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོ་ཁྲོད་ཐོག་མར་བཀོད་པའི་སྲོག་ཆགས་ཤིག་རེད།

འཕར་བ་ནི་ཤ་གཟན་རིགས་ཏེ་ཁྱི་ཚན་དུ་གཏོགས་ཤིང་།  རི་ཐང་དང་རྩྭ་ཐང་། བྱེ་ཐང་།  སྤང་རི། ན་འདམ།  ནགས་ཚལ་ལ་སོགས་སུ་གནས་བཅའ་བ་དང་།  ཞོགས་པ་དང་ས་སྲོད་ཀྱི་མཚམས་ལ་འགུལ་སྐྱོད་ཅུང་མང་།  རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རིམ་པ་དང་པོའི་སྲོག་ཆགས་ཡིན་པས། 《ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་མིང་ཐོ་དམར་པོ》དང《འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ(IUCN)གྱི་འཇིགས་སྐུལ་ཐེབས་པའི་སྲོག་ཆགས་རིགས་ཀྱི་མིང་ཐོ་དམར་པོ》ནང་བཞག་ཡོད་པ་དང་།  དཔྱད་དཔག་གི་རིམ་པ་ཡོངས“སྟོངས་ཉེན་ཆེ་བའི”སྲོག་ཆགས་ཀྱི་རིམ་པ་ན་ཡོད། 

《མཚོ་སྔོན་གྱི་སྒལ་ཚིགས་སྲོག་ཆགས་ཀྱི་རིགས་དང་ཁྱབ་ཚུལ》ནང་འཁོད་པ་ལྟར་ན། འཕར་བ་ནི་མཚོ་སྔོན་ཞིང་ཆེན་གྱི་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་རྫོང་དང་། མཚོ་བྱང་ཁུལ་མདོ་ལ་རྫོང་། ཡུལ་ཤུལ་ཁུལ། ན་གོར་མོ། མང་ངེ།  གཏེར་ལམ།  དབུས་ལམ། ཐེམ་ཆེན་ལ་སོགས་ས་ཁོངས་སུ་ཡོད་པའི་སྲོག་ཆགས་ཤིག་ཡིན། དེ་སྔ་མཚོ་ནུབ་ཁུལ་གྱི་ན་གོར་མོ་དང་། མང་ངེ། གཏེར་ལམ།  དབུས་ལམ། ཐེམ་ཆེན་སོགས་སུ་མ་གཏོགས་མཐོང་རྒྱུ་མེད།   ཐེངས་འདིར་གཏེར་ལེན་ཁར་མཐོང་བ་ནི་བར་སྟོང་གི་ཆ་ནས་ཚྭ་འདམ་གཞོང་གི་ཤར་རྒྱུད་ཀྱི་འཕར་ཚང་དང་ཡུག་གཅིག་ཏུ་སྦྲེལ་ཡོད་པས།  ས་ཁོངས་དེའི་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་དང་གཟན་ཆས་འབྲེལ་ཐག་གི་གཏན་འཇགས་རང་བཞིན་ར་སྤྲོད་བྱས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་སྟོངས་ཉེན་ཆེ་བའི་སྲོག་ཆགས་རིགས་སྔར་བས་སྲུང་སྐྱོབ་དང་དོ་དམ་བྱེད་པར་ཚན་རིག་གི་གཞི་འཛིན་ས་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད་དོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།