བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་འདི་སྤེལ་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

 ཟླ་12ཚེས་1ཉིན་དཔེ་སྐྲུན་བྱས་པའི་《བདེན་འཚོལ་》དུས་དེབ་འདོན་ཐེངས་23པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་《ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར་“སྔར་བས་དམིགས་སར་འབྱོར་བ་ལྔ་”ལག་ལེན་བསྟར་དགོས་》 ཞེས་པ་སྤེལ་ཡོད།

རྩོམ་ཡིག་ནང་།  རང་ངོས་གསར་བརྗེ་ནི་རང་རེའི་ཏང་དེ་ཉིད་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་ཐར་ཐུབ་པའི་དྲིས་ལན་གཉིས་པ་དེ་ཡིན། སྤྱོད་ཚུལ་ལ་དམ་འཛིན་བྱེད་པ་ནས་འགོ་བརྩམས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ཉམས་མྱོང་རྩ་ཆེན་ཞིག་ཡིན། ཏང་གི་རང་ངོས་གསར་བརྗེར་དམིགས་པ་དང་། རིག་ལམ་གྱི་བླང་བྱ་ཁ་གསལ་ཡིན་གཤིས། དམིགས་སར་དོན་འཁྱོལ་ངོ་མ་ཐུབ་པར་བྱེད་པ་ནི་འགག་རྩ་ཡིན་ཞེས་ནན་སྟོན་བྱས་ཡོད།

རྩོམ་ཡིག་ནང་། གཅིག་ནས་ཏང་གི་རང་ངོས་གསར་བརྗེར་ངོས་འཛིན་ཚད་སྔར་བས་དམིགས་སར་འབྱོར་བར་བྱེད་དགོས། ད་ལྟ། རང་རེའི་ཏང་གི་ཕྲག་ཐོག་ཏུ་འཁུར་བའི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལས་འགན་ཤིན་ཏུ་ལྕི་བ་དང་། སྲིད་འཛིན་ཁོར་ཡུག་ལ་འཆར་ཅན་མིན་པའི་རྙོག་འཛིང་ཆེན་པོ་འཕྲད་ཡོད་པས། རང་ངོས་གསར་བརྗེའི་ལས་དོན་ལ་དམ་འཛིན་སྔར་ལས་ལྷག་པ་བྱེད་དགོས། གཉིས་ནས་ཏང་ཡོན་ལས་བྱེད་པས་ཏང་གཤིས་ཤུགས་ཆེར་གཏོང་རྒྱུ་དེ་སྔར་བས་དམིགས་སར་འབྱོར་བར་བྱེད་དགོས། རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར། ངེས་པར་དུ་རྩ་བ་བརྟན་གཏོང་དང་ཏང་གཤིས་ཤུགས་ཆེར་གཏོང་དགོས། དེའི་གཙོ་གནད་ནི་ཕུགས་བསམ་དད་སེམས་བརྟན་གཏོང་དང་།  ཏང་ལ་སྔར་བས་བློ་དཀར་སེམས་དཀར་བྱེད་པ། དམངས་ལ་བརྩེ་བ་ཟབ་མོ་འཆང་བ།  ལྷད་མེད་ཀྱི་སྤྱོད་གཤིས་སྲུང་བ། སྤྱོད་གཙང་གཞུང་དྲང་རྒྱུན་འཁྱོངས་བཅས་བྱ་རྒྱུ་དེ་ཡིན། གསུམ་ནས་དབང་ཆ་ཚད་ལྡན་ངང་བེད་སྤྱོད་བྱ་རྒྱུ་སྔར་བས་དམིགས་སར་འབྱོར་བར་བྱེད་དགོས། ཏང་གི་རང་ངོས་གསར་བརྗེ་ནི་གཙོ་བོ་དབང་ཆ་བཅོས་སྒྲིག་བྱ་རྒྱུར་རག་ལུས་ཡོད། འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། དབང་ཆ་དེ་ལམ་ལུགས་ཀྱི་རླུང་རྩིའི་ནང་དངོས་སུ་བཅུག་ཐོག “ཞུམ་བུ་ལྷས་འཇུག་”དང་། “ཤོག་བུའི་རླུང་རྩིའི་ནང་སྟག་རྒན་འཇུག་པ་”ལྟར་གྱི་གནད་དོན་ཐོན་རྒྱུ་སྔོན་འགོག་ནུས་ལྡན་བྱས་ཏེ། དབང་ཆ་སྤྱད་དེ་ཁེ་ཕན་འཐོབ་འཚོལ་བྱེད་པའི་སྣང་ཚུལ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། བཞི་ནས་ཁྲིམས་འཛིན་ལ་ལྟ་སྐུལ་ཞིབ་བཤེར་ནན་པོ་བྱེད་པ་སྔར་བས་དམིགས་སར་འབྱོར་བར་བྱེད་དགོས། ཁྲིམས་འཛིན་ལ་ལྟ་སྐུལ་ཞིབ་བཤེར་ནན་པོ་བྱེད་པ་ནི་ཏང་གི་རང་ངོས་གསར་བརྗེའི་མཚོན་ཆ་རྣོན་པོ་ཞིག་ཡིན་པ་དང་།  སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ལ་ངེས་པར་དུ་ཐག་གཅོད་ནན་པོ་བྱེད་དགོས་པ་དང་། དེར་ཁ་གཏད་གཅོག་པའི་བྱ་ཐབས་ནན་པོ་ངེས་པར་དུ་ཡོད་དགོས། ལྔ་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པ་སྔར་བས་དམིགས་སར་འབྱོར་བར་བྱེད་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིར་གཙོ་གཟུགས་འགན་འཁྲི་དང་། ལྟ་སྐུལ་ཞིབ་བཤེར་གྱི་འགན་འཁྲི། འགན་འཁུར་བ་གཙོ་བོའི་འགན་འཁྲི། “གནས་གཅིག་འགན་གཉིས་”སོགས་ཡོད་ཅིང་། འགན་འཁྲི་ཚང་མ་གལ་འགངས་ཤིན་ཏུ་ཆེ་བས། ཚང་མ་དོན་འཁྱོལ་ནན་ཏན་བྱེད་དགོས་ཞེས་བསྟན་ཡོད། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།