མཚོ་སྔོན་ཡུས་ཧྲུའུ་ཡི་མང་ཚོགས་ཀྱིས་གསའ་རྨས་མ་ཞིག་བསྐྱབས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ཧ་ཤུལ་ཤང་མངགས་གཏོང་ཁང་གིས་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་རྨས་སྐྱོན་ཕོག་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གསའ་ཞིག་བསྐྱབས་ཡོད་པ་རེད།

ཟླ་11ཚེས་27ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པ་ཙམ་ལ། ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཧ་ཤུལ་ཤང་མངགས་གཏོང་ཁང་ལ་གཡང་ཐ་གྲོང་ཚོའི་མང་ཚོགས་ཀྱིས་བརྒྱབ་པའི་སྙན་སེང་ཁ་པར་ཞིག་འབྱོར་ནས། གྲོང་ཚོ་དེའི་མང་ཚོགས་ལ་རི་ཐང་ནས་གསའ་ཞིག་རྙེད་ཡོད་པ་ཤེས། སྙན་སེང་ཁ་པར་འབྱོར་རྗེས། མངགས་གཏོང་ཁང་གིས་མྱུར་དུ་དང་ལེན་བྱས་ཏེ། ཤང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག ལས་དོན་མི་སྣ་དང་མཉམ་འབྲེལ་ཐོག་ས་གནས་ས་ཐོག་ཏུ་བསྐྱོད་ནས་རྩད་ཞིབ་བྱས། བརྟག་དཔྱད་བྱས་པ་བརྒྱུད། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གསའ་ཡིན་པ་མ་ཟད། གསའ་དེར་རྨས་སྐྱོན་ཕོག་ཡོད་པ་གཏན་འཁེལ་བྱས་འདུག

གསའ་རྨས་མ་དེར་དུས་ཐོག་ཏུ་ཆེད་ལས་ཀྱི་སྐྱོབ་བཅོས་ཐོབ་ཆེད། ཡུལ་དངོས་ལ་ཡོད་པའི་ལས་དོན་མི་སྣས་བདེ་འཇགས་འགོག་སྲུང་ལེགས་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག མཉམ་དུ་གསའ་དེ་མཚོ་སྔོན་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་གསོ་སྤེལ་ལྟེ་གནས་སུ་བདེ་བླག་ངང་དབོར་ཡོད། མིག་སྔར། གསའ་རྨས་མ་དེར་ཕྱོགས་ཡོངས་ནས་བརྟག་དཔྱད་དང་སྨན་བཅོས་བྱེད་བཞིན་ཡོད་པ་དང་། རྗེས་མཐུད་ཀྱི་ལས་དོན་རོགས་སྐྱོབ་ལྟེ་གནས་ཀྱིས་འགན་འཁུར་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།