
གསར་དུ་བཟོ་བཅོས་བརྒྱབ་པའི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་དེ་ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། འགྲོ་ལམ་སྐྱེལ་འདྲེན་ལས་གཉེར་པས་སིལ་བླུག་གཙོ་གནད་གཤེར་གཟུགས་བཟའ་བཅའ་སྐྱེལ་འདྲེན་བྱེད་སྐབས་སྐྱེལ་འདྲེན་སྣོད་ཆས་ཀྱི་མངོན་གསལ་དོད་པའི་གནས་སུ་བཟའ་བཅའི་ཆེད་སྤྱོད་མཚོན་རྟགས་བྱུག་དགོས་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྐྱེལ་འདྲེན་སྣོད་ཆས་སྤྱོད་པ་མ་ཟད་དུས་ཐོག་ཏུ་གཙང་བཀྲུ་བྱེད་དགོས་ཤིང་། བཟའ་བཅའ་ཕུད་པའི་དངོས་པོ་གཞན་དག་སྐྱེལ་འདྲེན་བྱེད་མི་ཆོག་པ་ཁ་གསལ་བཟོས་ཡོད།

《གློག་སྒུལ་རྐང་འཁོར་གྱི་བཙན་ཤེད་རང་བཞིན་གྱི་ཐོན་རྫས་དཔང་དཔྱད་དོ་དམ་ནན་པོ་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་དཔང་དཔྱད་ཁས་ལེན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས་》གཞིར་བཟུང་། ཟླ་12ཚེས་1ཉིན་ནས་བཟུང་། བྲིན་འཚོང་བྱ་རྒྱུའི་གློག་སྒུལ་རྐང་འཁོར་གྱི་ཐོན་རྫས་ཚང་མ་ངེས་པར་དུ་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་དང་མཐུན་དགོས་པ་དང་། “རྒྱལ་ཁབ་ཀྱི་ཚད་གཞི་རྙིང་པའི”གློག་སྒུལ་རྐང་འཁོར་ཡོངས་སུ་འཚོང་མཚམས་འཇོག་རྒྱུ་ཡིན་པས། འཛད་སྤྱོད་པས་གློག་སྒུལ་རྐང་འཁོར་འདེམས་ཉོ་བྱེད་སྐབས། CCCདཔང་དཔྱད་མཚོན་རྟགས་དང་ཐོན་རྫས་ཀྱི་ཚད་ལྡན་ལག་ཁྱེར་ངོས་ཟིན་དགོས།

《བཟའ་བཏུང་ཞབས་ཞུའི་རིགས་འབྲེལ་ཁེ་ལས་ཀྱིས་ཟས་རིགས་བདེ་འཇགས་ཀྱི་གཙོ་གཟུགས་འགན་འཁྲི་དོན་འཁྱོལ་བྱེད་པའི་ལྟ་སྐུལ་དོ་དམ་གཏན་འབེབས་》ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་། གཏན་འབེབས་ནང་། སྤུས་རྟགས་གཅིག་མཚུངས་ཀྱི་བཟའ་བཏུང་ཞབས་ཞུའི་རིགས་འབྲེལ་ཚོང་གཉེར་ཁེ་ལས་ཀྱིས་ཁེ་ལས་སྤྱི་ཁྱབ་པུའུ་གཅིག་ཁ་གསལ་བཟོ་དགོས་ཀྱི་ཡོད། ཁེ་ལས་སྤྱི་ཁྱབ་པུའུ་ལ་དེ་མཚུངས་ཀྱི་བཟའ་བཏུང་ཞབས་ཞུའི་རྒྱུད་འབྲེལ་དོ་དམ་ནུས་པ་ལྡན་དགོས་པ་དང་། ཁྲིམས་ལྟར་ཚོང་གཉེར་བྱེད་པའི་རྣམ་གྲངས་ལ་“བཟའ་བཏུང་ཞབས་ཞུའི་རྒྱུད་འབྲེལ་དོ་དམ་”ཚུད་པའི་བཟའ་བཅའ་ཚོང་གཉེར་གི་ཆོག་མཆན་ཡོད་དགོས་པ་ཁ་གསལ་བཏོན་ཡོད།

གསར་དུ་བཟོ་བཅོས་བརྒྱབ་པའི་《སྨན་སྤྱོད་འགོག་སྲུང་ཁ་རས་》ཀྱི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་དེ་ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་ཚད་གཞི་གསར་པའི་གཏན་འབེབས་ལྟར་ན། ཐེངས་གཅིག་རང་བཞིན་གྱི་སྨན་སྤྱོད་འགོག་སྲུང་ཁ་རས་ལ་དབུགས་འབྱིན་རྔུབ་ཀྱི་སྟེམ་སྒོ་བཟོ་མི་རུང་བ་དང་། སྣ་བཙིར་རམ་ཡང་ན་སྣ་བཙིར་གྱི་ཚབ་བྱེད་ཇུས་འགོད་བྱེད་དགོས་ཏེ། ཁ་རས་རྒྱག་སྐབས་གཏན་འཇགས་དང་ཚགས་དམ་པའི་ནུས་པ་ཐོན་ཐུབ་པ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།

《ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཡིད་རྟོན་སླར་གསོའི་དོ་དམ་བྱེད་ཐབས་》ཟླ་12ཚེས་25ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། བྱེད་ཐབས་ཀྱིས་ཡིད་རྟོན་སླར་གསོའི་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ཡོད་ཅིང་། དོ་བདག་གིས་རང་འགུལ་ངང་ཁྲིམས་འགལ་དང་ཡིད་རྟོན་ཤོར་བའི་བྱ་སྤྱོད་ཡོ་བསྲང་བྱས་ནས་ཡིད་རྟོན་བཟང་པོ་སླར་གསོ་བྱ་རྒྱུར་སྐུལ་མ་བཏང་ཡོད།

《ཧྲའན་ཞི་ཞིང་ཆེན་གྱི་ལོ་ན་མཐོ་བའི་རྒན་རྒོན་གྱི་འཚོ་བའི་བདེ་སྲུང་ཁ་གསབ་སྤྲོད་ཐབས་》ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཁ་གསབ་ཀྱི་ཚད་གཞི་ནི། ལོ་70ནས་ལོ་79བར་གྱི་རྒན་རྒོན་ལ་མི་རེར་ཟླ་རེར་སྒོར་50དང་། ལོ་80ནས་ལོ་89བར་གྱི་རྒན་རྒོན་ལ་མི་རེར་ཟླ་རེར་སྒོར་100 ལོ་90ནས་ལོ་99བར་གྱི་རྒན་རྒོན་ལ་མི་རེར་ཟླ་རེར་སྒོར་200 ལོ་100ཡན་གྱི་རྒན་རྒོན་ལ་ཟླ་རེར་ཁ་གསབ་སྒོར་300བཅས་སྤྲོད་རྒྱུ་རེད།

《ཧུའུ་ནན་ཞིང་ཆེན་གྱི་གྲངས་གཞིའི་སྲོལ་ཡིག་》ཟླ་12ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་དང་། 《སྲོལ་ཡིག་》ནང་། གཉེར་སྐྱོང་གཙོ་གཟུགས་ཀྱིས་གྲངས་གཞི་སྤྱད་དེ་ཚུལ་མིན་འགྲན་རྩོད་ཀྱི་བྱེད་སྤྱོད་དང་སྒེར་སྡེམ་བྱེད་སྤྱོད་སྤེལ་མི་ཆོག་པ་ཁ་གསལ་བཏོན་ཡོད།

《ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་ཡུལ་སྐོར་སྲོལ་ཡིག་》ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། 《སྲོལ་ཡིག་》ནང་། མཚན་མོའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་བ་དང་། མཚན་མོའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་གཅིག་སྡུད་ཁུལ་བསྐྲུན་པ། མཚན་མོའི་འཛད་སྤྱོད་ལས་རྣམ་སྣ་ཚོགས་སྐྱེད་སྲིང་དང་ནང་འདྲེན་བཅས་བྱེད་དགོས་པ་དང་། ཚོང་ར་དང་། བཟའ་བཏུང་། རིག་གནས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱི་ལས་གཉེར་དུས་ཚོད་རིང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། གཙོ་གནད་ཡུལ་སྐོར་ཁུལ་དུ་མཚན་གང་ཚོང་གཉེར་ཆང་ཁང་དང་རོལ་རྩེད་འཁྲབ་སྟོན་བྱ་ཡུལ་འཛུགས་ཆོག་པ་ཁ་གསལ་བཏོན་ཡོད།

《ཀོང་ཀྲོའུ་གྲོང་ཁྱེར་གྱི་ཁང་པ་བེད་སྤྱོད་ཀྱི་བདེ་འཇགས་དོ་དམ་སྲོལ་ཡིག་》ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། 《སྲོལ་ཡིག་》ནང་། ཆུ་འགོག་གི་བླང་བྱ་མེད་པའི་ཁང་པའམ་ཉི་ཁྱམས་དེ་གསང་སྤྱོད་དང་ཐབ་ཚང་དུ་བསྒྱུར་བའམ་ཡང་ན་གསང་སྤྱོད་དེ་ཐོག་བརྩེགས་འོག་མའི་ཁྱིམ་ཚང་གི་ཉལ་ཁང་དང་འདུག་ཁང་(ཚོམས་ཁང་)དཔེ་ཁང་། ཐབ་ཚང་སོགས་ཀྱི་སྟེང་དུ་བཟོས་ཚེ། དུས་བཀག་ནང་བཤིག་དགོས་པའི་བཀའ་གཏོང་རྒྱུ་མ་ཟད། ཁང་པའི་བདག་དབང་ཡོད་མཁན་ནམ་ཡང་ན་སྤྱོད་མཁན་ལ་སྒོར་ཆིག་སྟོང་ཡན་དང་ལྔ་སྟོང་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཁང་པ་སྒྲིག་བཟོ་དང་མཛེས་བཟོ་བྱེད་མཁན་ཁེ་ལས་ལ་སྒོར་ལྔ་སྟོང་ཡན་དང་ལྔ་ཁྲི་མན་གྱི་དངུལ་ཆད་གཅོད་རྒྱུ་ཁ་གསལ་བཟོས་ཡོད།