མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉིན་ཤས་སྔོན“‘ལོ་ལྔའི་འཆར་འགོད་བཅུ་བཞི་པའི’འཕེལ་རྒྱས་ཀྱི་གྲུབ་འབྲས”བརྗོད་གཞི་བྱས་པའི་མུ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལས་ཆུ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ཆུ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གིས་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་ཐོབ་པའི་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཀྱི་འབྲེལ་ཡོད་གནས་ཚུལ་ཡོངས་བསྒྲགས་བྱས་པ་རེད།
ཆུ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དངོས་སུ་བསྐྲུན་ནས་ད་བར་དུ། མ་དངུལ་སྒོར་དུང་ཕྱུར15བཏང་སྟེ་ས་ནག་ཐང་དང་། ས་ནག་རི་ངོས། བྱེ་འགྱུར་བཅས“ནག་གཉིས་བྱེ་གཅིག”བཅོས་སྐྱོང་བྱས་པ་དང་། དེ་བཞིན་རི་རྒྱ་ནགས་གསོ་དང་། རྩྭ་འདེབས། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་སྔོན་འགོག་དང་ཚོད་འཛིན། འདམ་ར་དང་གངས་རིའི་འཁྱགས་རོམ་མུའུ་ཁྲི3100ལྷག་ཙམ(མུའུ1ལ་སྤྱི་ཆིང0.0667ཙམ)སྲུང་སྐྱོང་བྱས་ཡོད། ཕུང་གསུམ་པའི་དཔྱད་དཔོག་འབྲས་བུ་ལས་ཆུ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་རྩྭ་ཐང་སྔོ་ཁེབས་ཀྱི་སྔོ་ལོག་དུས་ཚོད་སྔ་སྣུར་དུ་སླེབས་པ་དང་། སྐྱ་སྐམ་དུས་མཉམ་པ། སྐྱེ་ཡུན་རིང་དུ་ཕྱིན་པ། རྩྭ་ཐང་གི་སྔོ་ཁེབས་ཕྱོགས་བསྡུས་ཁེབས་ཚད་36.8%ཟིན་པ་དེ་ཚོད་ལྟ་མ་བྱས་གོང་ལས་8.6%འཕར་ཡོད། ཆུ་རྩ་གསོ་འཁྱོངས་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་ཆུ་རྩ་གསོ་འཁྱོངས་ཞབས་ཞུ་ནུས་པའི་སྟོན་གྲངས་92.6ཟིན་པ་དེ་ཚོད་ལྟ་མ་བྱས་གོང་ལས་21.8འཕར་ཡོད། མཚེའུ་ཡི་རྒྱ་ཁྱོན་སྤྱི་ཡོངས་ནས་ཆེ་རུ་ཕྱིན་ནས་སྤྱི་ལེ་ངོས་གྲུ་30ལས་ཆེ་བའི་དཔེ་མཚོན་མཚེའུ་ཡི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་6000ཙམ་ཟིན་པ་དང་། རྨ་ཆུའི་ཆུ་འགོའི་རྨ་སྟོད་རྫོང་གི་མཚེའུ་ཡི་གྲངས་འབོར་དེ་སྔའི་4077ནས་5849བར་མང་དུ་ཕྱིན་ཏེ། རྨ་ཆུའི་ཆུ་འགོར་སླར་ཡང“མཚེའུ་སྟོང་གི་ཡུལ་ལྗོངས”མཐོང་རྒྱུ་ཡོད།
ཆུ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ནི“མཐོ་གྲང་སྐྱེ་དངོས་སོན་རྒྱུའི་ཐོན་ཁུངས་མཛོད”ཡིན་ཞིང་། རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་84དང་། སྐམ་སའི་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་སྡེ་པ་72ཀྱི་རིགས་270 ཉ་རིགས་40བཅས་ཡོད་པ་ནི་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་སྔོན་སྤེལ་ཁུལ་གྱི་གྲས་ཤིག་རེད། མིག་སྔར་ཆུ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་རྒྱུན་མཐུད་སླར་གསོ་བྱུང་བ་དང་གཙོད་སྟོངས་ལ་ཉེ་བ་ནས་ཉེན་ཁ་ཅུང་ཆེ་བའི་བར་ལ་འགྱུར་ལྡོག་བྱུང་བ་དང་། གསའ་སྟོངས་ལ་ཉེ་བ་ནས་ཉེན་ཁ་ཆེ་ཙམ་བར་འགྱུར་ལྡོག་བྱུང་བ། སོན་རོག་དང་། ཝ་དཀར། ཤྭ་བ་མཆུ་དཀར། འབྲོང་བཅས་ཡང་ཡང་མཐོང་རྒྱུ་ཡོད་པ། ཁྲུང་ཁྲུང་སྐེ་ནག་དང་། གླག་སྐེ་སེར། ནེའུ་ལེ། ཁྲ། གོ་བ་བཅས་ཡང་མཁའ་དབྱིངས་སུ་རང་དགར་འཕུར་ལྡིང་བྱེད་པ་མཐོང་རྒྱུ་ཡོད། ཆུ་ཁོངས་ཀྱི་ཆུ་སྐྱེས་སྐྱེ་དངོས་གཞི་རྩའི་ཆ་ནས་གདོད་མའི་རྣམ་པར་གནས་ཤིང་། བལྟོས་བཅས་ཀྱིས་ཆ་ཚང་བ་དང་། འབྲི་ཆུའི་ཆུ་འགོའི་སྐྱེ་དངོས་ཀྱི་ཆ་ཚང་རང་བཞིན་གྱི་སྟོན་གྲངས་དེ་གདེང་འཇོག་རིམ་པ“བཟང་བར”སླེབས་ནས་སྐྱེ་ཁམས་མ་ལག་ཉིན་བཞིན་སྐྱོན་བྲལ་དང་བརྟན་དུ་འགྲོ་བཞིན་ཡོད་པ་རེད།