མཚོ་སྔོན་རྐང་ཚ་རྫོང་གིས་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་མེད་པ་ནས་ཡོད་པ་མངོན་འགྱུར་བྱུང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་རིན་ཐང་ཨ་སྒོར་སྟོང་གཅིག་དང་བཞི་བརྒྱ་བཞི་བཅུ་ཡིན་ཞིང་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར10223ཡིན་པའི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་འབྲི་གཡག་གི་ཁུ་ལུའི་སྐེ་དཀྲིས་ཐོན་རྫས་ལ་སྒོ་ཁྲལ་ལས་ཁུངས་ཀྱིས་ནད་ཡམས་ཞིབ་བཤེར་དང་སྒོ་ཁྲལ་སྙན་ཞུའི་ལས་རིམ་ལེགས་འགྲུབ་བྱས་རྗེས། པི་ལི་ཧྲི་རུ་བདེ་བླག་ངང་འབྱོར་བ་རེད། ཐོལ་བརྒལ་རང་བཞིན་གྱི་བྱེད་ཐབས་འདི་ལས་རྐང་ཚ་རྫོང་གི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་མེད་པ་ནས་ཡོད་པའི་བར་མཆོང་སྐྱོད་བྱུང་བར་མ་ཟད། མཚོ་སྔོན་པོའི་འགྲམ་ངོགས་ཀྱི་སྣོད་བཅུད་ཁྱད་ལྡན་ཐོན་རྫས་གོ་ལ་ཧྲིལ་པོའི་ཚོང་དོན་གར་སྟེགས་ཐོག་དངོས་སུ་འདོན་ཐུབ་པ་བྱུང་ཡོད།

ཤེས་གསལ་ལྟར་ན། ཐོན་རྫས་དེའི་མ་བཅོས་རྒྱུ་ཆ་ནི་མཚོ་སྔོན་པོའི་མཐའ་འཁོར་གྱི་རང་བྱུང་ཕྱུགས་རའི་འབྲི་གཡག་གི་ཁུ་ལུ་ཡིན་པ་དང་། དྲོད་ལྡན་རང་བཞིན་དེ་སྤྱིར་བཏང་གི་ལུག་བལ་ལས་མཐོ་བ་རེད། དེར་མཉེན་ཞིང་རྒྱུ་བ་བཟང་བར་མ་ཟད། གྱོན་ན་ལུས་ལ་བདེ་བའི་མངོན་གསལ་གྱི་ཁྱད་ཆོས་ལྡན། མིང་དོན་གཉིས་མཚུངས་ཀྱི་མཐོ་སྒང་གི་ཁྱད་ནོར་ཡིན། ཐོན་སྐྱེད་ཁེ་ལས་ཀྱིས་ཐོག་མའི་དུས་ཀྱི་ནོར་ཁུལ་ལས་བྱུང་བའི་མ་བཅོས་རྒྱུ་ཆ་ཕྱིར་གཏོང་བྱེད་པ་ནས་རིམ་བཞིན་རང་བདག་ཞིབ་འཇུག་གསར་སྤེལ་དང་ལས་སྣོན་བྱེད་པར་བསྒྱུར་བ་དང་། གྱོན་ཆས་དང་རྒྱན་ཆ་སོགས་སྣ་ཁ་མང་བའི་ཐོན་རྫས་མ་ལག་གསར་གཏོད་བྱས་ཏེ། ས་གནས་དེ་གའི་རོང་འབྲོག་མང་ཚོགས་བཅུ་ལྷག་རང་ཁྱིམ་ནས་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཏེ་རྫོང་ཁོངས་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་རིམ་སྤོར་གྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད་པ་རེད།

མཚོ་སྔོན་པོ་ནས་ཡོ་རོབ་སྐམ་ས་ཆེན་མོའི་བར་རྐང་ཚའི་འབྲི་གཡག་གི་ཁུ་ལུའི་ཐོན་རྫས་ཕྱིར་གཏོང་བྱེད་པའི་ལམ་བུ་ནི་མཚོ་སྔོན་རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་དེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། ཐེངས་འདིའི་ཐོལ་བརྒལ་དེས་རྐང་ཚ་རྫོང་གི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་གི་སྟོང་ཆ་བསྐངས་ཡོད་པ་ལས་གཞན། མཚོ་སྔོན་པོའི་འབྲི་གཡག་གི་སྤྱི་པའི་ཟོང་རྟགས་ཀྱང་སྔར་ལས་མིག་ལ་གསལ་བར་བྱས་ཡོད། རྐང་ཚ་རྫོང་གིས་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ཁེ་ལས་ཀྱིས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་། ཟོང་རྟགས་གསར་གཏོད། ཁྲོམ་ར་རྒྱ་སྐྱེད་བཅས་ཀྱི་ཐད་སླར་ཡང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དང་ཆབས་ཅིག་གནས་དེ་གའི་ཁེ་ལས་དེ་བས་མང་པོ་ཕྱི་ཕྱོགས་ཚོང་དོན་ལས་སྒོར་ཞུགས་པར་ཁྲིད་སྟོན་བྱས་ཏེ། ཧུར་ཐག་སྒོས་མཐོ་སྒང་གི་ཐོན་རྫས་སྤུས་ལེགས་སྔར་བས་མང་པོ་མཚོ་སྔོན་ནས་འཛམ་གླིང་ཕྱོགས་སུ་བསྐྱོད་པར་ཁག་ཐེག་བྱེད་རྒྱུ་རེད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།