ཉེ་ལམ་གསར་འགོད་པས་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་ཟུར་གཏོགས་སྨན་ཁང་དང་པོའི་མཚོ་སྔོན་སྨན་ཁང་གིས་བསྡུས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་སྟེང་དུ་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་དུ་གསར་དུ་བཙུགས་པའི་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ཐོག་མ་སྟེ་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་ཟུར་གཏོགས་སྨན་ཁང་དང་པོ་མཚོ་སྔོན་སྨན་ཁང་གིས་ཉེ་ལམ་ནད་པ་དངོས་སུ་བརྟག་བྱེད་མགོ་བརྩམས།

རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཀང་གིས་བཀོད་སྒྲིག་བྱས་པའི་སྨན་བཅོས་འཕྲོད་བསྟེན་གལ་ཆེན་འཛུགས་སྐྱོང་གི་ལས་གཞི་ཞིག་ཡིན་ཞིང་། གཙོ་བོ་སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་གཞི་རིམ་དུ་རྒྱ་སྐྱེད་དེ་ས་ཁོངས་དོ་མཉམ་གྱི་བཀོད་པར་སྐུལ་འདེད་དང་། ས་ཁུལ་ཁག་ཅིག་གི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་མི་འདང་བའི་གནད་དོན་ཐག་གཅོད། ས་ཁོངས་ཀྱི་སྤྱིའི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མགྱོགས་པོར་མཐོར་འདེགས་བཅས་བྱས་ནས་སྨན་བཅོས་འཕྲོད་བསྟེན་གྱི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏང་ཆེད་རེད། 2021ལོའི་ཟླ7པར། རང་ཞིང་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ཚོད་ལྟ་བྱེད་པའི་ཞིང་ཆེན་དུ་བདམས། 2022ལོའི་ཟླ5པར། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་ཟུར་གཏོགས་སྨན་ཁང་དང་པོ་མཚོ་སྔོན་སྨན་ཁང་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་གྱི་སྐོར་ཁག་གསུམ་པའི་མིང་ཐོར་བདམས། ལོ་དེའི་ཟླ9པར་ལས་གཞི་ལ་རྒྱལ་ཁབ་ཀྱིས་ཆོག་མཆན་དངོས་སུ་ཐོབ། ལས་གཞིའི་ས་གནས་དེ་ཟི་ལིང་གྲོང་ཁྱེར་མཁར་བྱང་དུ་བདམས་པ་དང་། རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་དང་། རྒྱལ་ཁབ་ཀྱི་འཕྲལ་མྱུར་གསོ་རིག་རོགས་སྐྱོབ་ལྟེ་གནས་གཉིས་གཅིག་གྱུར་འཆར་འགོད་དང་ལེགས་སྒྲིག་བྱས་ནས་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང12.3དང་། ཁང་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི11.72ཟིན་པ་དང་། ཁྱོན་སྒོར་དུང་ཕྱུར10བཏང་སྟེ2023ལོའི་ཟླ9པར་ལས་མགོ་བརྩམས། 2025ལོའི་ཟླ11པར་ཐོག་མར་ལེགས་པར་གྲུབ་ནས་རྩིས་བཤེར་བྱས་པ་དང་། ཟླ11པའི་ཟླ་མཇུག་ལ་བཀོད་སྤྱོད་བྱེད་མགོ་བརྩམས།
སྨན་ཁང་དེས་ནད་པ་བརྟག་དཔྱད་ལ་སོགས་ལས་སྒོ་སྣ་ཚོགས་མགོ་བརྩམས་རྗེས་ཕྱོངས་ཡོངས་ནས་ཞབས་ཞུ་དང་ཕུགས་ཕན་གྱི་འཕེལ་རྒྱས་མ་ལག་གཟུག་བཙུགས་ཏེ། ཐོག་མར་ནད་ཁྲི300བཀོད་སྒྲིག་བྱས་ཡོད་ཅིང་། སྡོད་བཅོས་ཚན་ཁག11དང་། སྒོ་བསྟེན་ཚན་ཁག22། སྨན་རྩལ་ཚན་ཁག9། དཔྱད་བཅོས་ལྟེ་གནས2བཅས་ལ་ཁྱབ་ཡོད་པ་དང་། “སྒོ་བསྟེན་ནད་བརྟག་ནས་སྨན་རྩལ་གྱི་རམ་འདེགས། ཆེད་ཚན་གྱི་དཔྱད་བཅོས”བཅས་ཨ་ལོང་བཞིན་གཅིག་ནས་གཅིག་ལ་སྦྲེལ་བའི་ཞབས་ཞུ་བྱེད་སྟབས་སྤྱད་རྒྱུ་མ་ཟད། སྤུས་ལེགས་ཐོན་ཁུངས་ལེགས་སྒྲིག་དང་སྔོན་ཐོན་ལག་རྩལ་ནང་འདྲེན། སྒྲིག་ཆས་རྩེ་གྲ་བེད་སྤྱོད་བཅས་བརྒྱུད་དེ་ས་ཁོངས་རིམ་བགོས་ཀྱི་དཔྱད་བཅོས་མཉམ་ལས་དྲ་རྒྱ་བསྐྲུན་རྒྱུ་རེད།
སྨན་ཁང་གཉེར་སྐྱོང་གི་ཁྲོད་དུ་གོ་རིམ་ཧྲིལ་བོར་དོ་དམ་ཞིབ་ཚགས་བྱས་ཏེ། ཐབས་ལམ་དུ་མ་ནས་དུས་ཆད་དང་རིག་ཚན་དུ་མས(MDT)བརྟག་དཔྱད་ཀྱི་རྣམ་པ་སྤྱད་དེ། “སྔོན་འགོག་ནས་དཔྱད་བཅོས་དང་། སླར་གསོ། མཚམས་འདྲི”བཅས་གཟའ་འཁོར་ཧྲིལ་བོར་བདེ་ཐང་དོ་དམ་གྱི་སྒྲིག་སྲོལ་གཟུག་རྒྱུ་མ་ཟད། སྨན་བཅོས་ཀྱི་སྤུས་ཀའི་བདེ་འཇགས་ལྟེ་བའི་ལམ་ལུགས་དང་འགུལ་རྣམ་སྤུས་ཚད་ཚོད་འཛིན་དང་ལྟ་ཞིབ་ཚད་ལེན་མ་ལག་བཅས་མཉམ་དུ་ལག་བསྟར་བྱ་རྒྱུ། འཕེལ་རྒྱས་འཆར་འགོད་དེ་དུས་རིམ་བགོས་ནས་སྐུལ་འདེད་གཏང་རྒྱུ་སྟེ། ཐོག་མའི་དུས་ལ་ལྟེ་བའི་ཚན་ཁག་བཙུགས་ཏེ་ནད་ཁྲི300འདོན་སྤྲོད་བྱ་རྒྱུ། བར་དུ་རིམ་བཞིན་རྒྱ་སྐྱེད་དེ་ནད་ཁྲི500ལོངས་སུ་འཇུག་རྒྱུ། མཐའ་མར་ས་ཁོངས་ཞབས་ཞུ་ནུས་པར་དཔྱད་དཔག་བརྒྱུད་དེ། ས་ཁོངས་ཀྱི་སྔོན་ཐོན་ཁྱད་ལྡན་ཚན་ཁག2ནས3སྐྱེད་སྲིང་བྱས་ཏེ། ནད་ཁྲི1000ལ་བསླེབས་པ་ཁ་སྣོན་རྒྱག་རྒྱུ་མ་ཟད། རྒྱལ་ཁབ་ཀྱིས་རྩིས་སྤྲོད་བརྒྱུད་དེ། ས་ཁོངས་སྨན་བཅོས་ཀྱི་ལག་རྩལ་གསར་གཏོད་དང་འཇོན་མི་སྐྱེད་སྲིང་གི་མཐོ་ས་བཏོད་ནས་ཉེ་འཁོར་ས་ཁུལ་གྱི་སྨན་བཅོས་ཞབས་ཞུ་ནུས་པར་སྐུལ་ཁྲིད་བྱས་ནས་ཡོངས་ནས་མཐོར་འདེགས་བཏང་བ་བཅས་ཞིང་ཆེན་ནང་ཁུལ་གྱི་ནད་པ་ས་ཁོངས་ཕྱིར་སྨན་བསྟེན་དུ་སྐྱོད་ཚད་ཇེ་ཉུང་དུ་གཏང་འཆར་ཡོད་དོ། །