དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་རྒྱུར་ཤུགས་བསྣན།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མཐའ་གཅིག་ཏུ་བརྟན་སྲུང་བྱ་དགོས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ཡག་པོ་བྱེད་པ་དང་། ལས་དོན་སྟོང་པར་མི་འགྱུར་བ་དང་སྲིད་ཇུས་སྟོང་པར་མི་ལུས་པར་བྱེད་དགོས། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་བསྡུ་བའི་ལོ་ཡིན་ལ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལོ་ལྔའི་བར་བརྒལ་དུས་སྐབས་ཀྱི་མཇུག་མཐའི་ལོ་ཡང་ཡིན། ལོ་ངོ་ལྔའི་རིང་ལ། རང་རྒྱལ་གྱིས་གཞི་ཁྱོན་རང་བཞིན་གྱི་སྒོ་ནས་ཡང་བསྐྱར་དབུལ་ཕོངས་སུ་མི་འགྱུར་བའི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱས་ཡོད་པ་དང་། དབུལ་ཐར་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད་ལ། དབུལ་ཐར་ས་ཁུལ་གྱི་འཕེལ་རྒྱས་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།

ཉེ་ཆར་སི་ཁྲོན་ལེའང་ཧྲན་གཡང་གཟར་གྲོང་ཚོར་སྒེར་འཁོར་སྐོར་མཁན་གྱི་ཡུལ་སྐོར་བ་ཁག་ཅིག་འབྱོར། ལོ་ངོ་ལྔའི་སྔོན་ལ། དབྱི་རིགས་གྲོང་ཚོ་འདིའི་ཁྱིམ་ཚང282རྫོང་མཁར་གྱི་གཅིག་བསྡུས་བདེ་འགོད་ས་ཚིགས་སུ་གནས་སྤོས་པ་དང་། ད་སྐབས་གཡང་གཟར་སྟེང་གི་གྲོང་ཚོ་རྙིང་བས་རིག་གནས་ཡུལ་སྐོར་གྱི་ལས་གཞི་འཕེལ་རྒྱས་སུ་བཏང་བར་མ་ཟད། དབྱི་རིགས་ཀྱི་འཚེམ་དྲུབ་སོགས་ཁྱད་ལྡན་ཐོན་ལས་ཟམ་མི་ཆད་པར་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་བཏང་བས། གནའ་བོའི་གྲོང་ཚོ་འདིར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཡོད།

སི་ཁྲོན་ཞིང་ཆེན་ལེའང་ཧྲན་ཁུལ་ཀྲའོ་ཅུའེ་གཡང་གཟར་གྲོང་ཚོའི་སྡེ་མི་མའོ་སིར་པུའུ་ཡིས་བཤད་རྒྱུར། ཉིན་རྒྱུན་ཡུལ་སྐོར་བ་འདི་འདྲ་མང་པོ་ཞིག་ང་ཚོའི་གྲོང་ཚོར་ཡོང་བས་ཧ་ཅང་དགའ་པོ་བྱུང་ཡོད། དབུལ་ཐར་བྱུང་རྗེས་ང་ཚོས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་བས། ད་ལྟ་ང་ལ་ཟླ་རེར་ཡོང་འབབ་སྒོར4000ལྷག་ཡོད་ལ། འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད། སྔོན་ཆད་འདི་ནི་སེམས་ལའང་དྲན་མི་ཕོད་པ་ཞིག་རེད།

སི་ཁྲོན་གྱི་ལེའང་ཧྲན་ཁོ་ན་མ་ཡིན་པར། རྒྱ་ཆེའི་དབུལ་ཐར་ས་ཁུལ་ལ་མཚོན་ན་ད་སྐབས་འགྱུར་ལྡོག་ཆེན་པོ་བྱུང་ནས་རྣམ་པ་གསར་བ་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ལེགས་པོ་བྱེད་པར་མཐོང་ཆེན་བླ་མེད་གནང་ཡོད། ཁོང་གིས་ནན་གྱིས་བསྟན་དོན། གྲོང་གསེབ་དར་སྤེལ་གྱི་སྔོན་འགྲོའི་ཆ་རྐྱེན་ནི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན་པས། མུ་མཐུད་ནས་དམ་འཛིན་ཡག་པོ་བྱས་ཏེ་དབུལ་ཐར་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་སུ་གཏོང་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་དང་འབྲེལ་མཐུད་ལེགས་པོ་ཡོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་ན། གཞི་ཁྱོན་རང་བཞིན་གྱི་སྒོ་ནས་ཡང་བསྐྱར་དབུལ་བོར་མི་འགྱུར་བར་འགན་ལེན་དང་། དབུལ་ཐར་མཁྲེགས་གཏོར་གྱི་རླབས་ཆེན་གྲུབ་འབྲས་ལ་སྲུང་སྐྱོང་དང་སྲ་བརྟན་དུ་གཏོང་དགོས། བར་བརྒལ་དུས་སྐབས་སུ་ལོ་རེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དབུལ་ཐར་ས་ཁུལ་དུ་གཟིགས་ཞིབ་དང་མཛུབ་སྟོན་གནང་བར་ཕེབས་ནས་སྙན་ཞུའི་གནས་ཚུལ་ལ་གསན་པ་ཡིན། ཁོང་གིས་བསྟན་དོན། མུ་མཐུད་ནས་འགན་འཁྲི་ནན་འཁུར་བྱས་ཏེ། དབུལ་ཐར་མི་གྲངས་དང་དབུལ་ཐར་ས་ཁུལ་གྱི་རོགས་སྐྱོར་སྲིད་ཇུས་སྦྲེལ་མཐུད་ཡག་པོ་དང་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་དགོས། དབུལ་ཐར་ས་ཁུལ་དང་དབུལ་ཐར་མང་ཚོགས་ཀྱི་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བའི་ཐད་ཤུགས་རྒྱག་དགོས། དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་རྒྱུ་དེ་འབད་འཐབ་ཀྱི་ཁ་ཕྱོགས་གཙོ་བོར་འཛིན་དགོས།

ཡང་བསྐྱར་དབུལ་བོར་འགྱུར་བའི་གནས་ཚུལ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་སྒྲིག་སྲོལ་ནི། གཞི་ཁྱོན་རང་བཞིན་གྱི་སྒོ་ནས་ཡང་བསྐྱར་དབུལ་བོར་མི་འགྱུར་བའི་མཐའ་ཚད་བརྟན་པོར་སྲུང་བའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཅིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཡང་བསྐྱར་དབུལ་བོར་འགྱུར་བའི་གནས་ཚུལ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། ཡང་བསྐྱར་དབུལ་བོར་འགྱུར་བ་དང་དབུལ་བོར་འགྱུར་སླ་བའི་མི་གྲངས་ལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་བྱེད་དགོས།

ཞིང་ལས་ཞིང་སྡེ་པུའུ་རོགས་སྐྱོར་སིའི་སི་ཀྲང་ཞུས་ཅན་རྨིན་གྱིས་བཤད་རྒྱུར། བར་བརྒལ་དུས་སྐབས་ནས་བཟུང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། རོགས་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་དང་། ཡང་བསྐྱར་དབུལ་བོར་འགྱུར་བའི་གནས་ཚུལ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་སྒྲིག་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བྱུང་ནས། སྤུས་ཚད་སྔར་ལས་ལེགས་པ་དང་རྒྱུན་མཐུད་སྔར་ལས་ཐུབ་པ་བྱུང་ཡོད།

ལོ་ངོ་ལྔའི་རིང་ལ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་ཆེད། རྒྱལ་ཁབ་རིམ་པས་འབྲེལ་མཐུད་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། རོགས་སྐྱོར་སྲིད་ཇུས་ཀྱི“ཡོ་བྱད་སྒམ”རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ལ། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། ཤར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར8དང་། ཀྲུང་དབྱང་གི་ལས་ཁུངས310། ཁེ་ལས6000ལྷག སྤྱི་ཚོགས་རྩ་འཛུགས300ལ་ཉེ་བ་བཅས་ཀྱིས་སོ་སོའི་ཁྱད་ཡོན་བཏོན་ནས། སྡེ་སྡོད་ལས་དོན་རུ་ཁག་འབུམ་གཅིག་ཁྲི་ལྔ་དང་སྡེ་སྡོད་ལས་བྱེད་པ་འབུམ་ལྔ་ལྷག་གིས་གྲོང་གསེབ་ཀྱི་འཐབ་ས་དང་པོ་བརྟན་སྲུང་བྱས། ད་ལོའི་ཟླ9པའི་ཟླ་མཇུག་གི་བར་དུ། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་ལྟ་ཞིབ་ཚད་ལེན་བྱ་ཡུལ་ས་ཡ་བདུན་ཡང་བསྐྱར་དབུལ་བོར་འགྱུར་བའི་ཉེན་ཁ་སེལ་ཡོད་ཅིང་། གཞི་ཁྱོན་རང་བཞིན་གྱི་སྒོ་ནས་ཡང་བསྐྱར་དབུལ་བོར་མི་འགྱུར་བའི་མཐའ་ཚད་བརྟན་པོར་བསྲུངས་ཡོད། བར་བརྒལ་དུས་སྐབས་ནས་བཟུང་། དབུལ་ཐར་མང་ཚོགས་ཀྱི་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་མངོན་གསལ་གྱིས་ཆེ་རུ་ཕྱིན། 85%ལས་བརྒལ་བའི་དབུལ་ཐར་ཁྱིམ་ཚང་དང་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་གིས་མ་མཐའ་ཡང་ཐོན་ལས་རོགས་སྐྱོར་གྱི་བྱེད་ཐབས་ཤིག་དོན་འཁྱོལ་བྱས་ཡོད་པ་དང་། 3/4ཙམ་གྱི་དབུལ་ཐར་མི་གྲངས་དང་རྣམ་པ་གསར་བའི་ཞིང་ལས་གཉེར་མཁན་གྱིས་ཁེ་ཕན་མཉམ་འབྲེལ་གྱི་སྒྲིག་སྲོལ་བཙུགས་ཡོད། དབུལ་ཐར་མི་གྲངས་ཀྱི་ལས་ཞུགས་གཞི་ཁྱོན་ལོ་རེར་བྱེ་བ་གསུམ་གྱི་ཡན་བརྟན་སྲུང་བྱས། དབུལ་ཐར་རྫོང་གི་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ4ལ་བསྟུད་མར་རྒྱལ་ཡོངས་གྲོང་གསེབ་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། དེ་བཞིན་དུ་དབུལ་ཐར་ས་ཁུལ་གྱི་སྤྱི་ཡོངས་ཀྱི་རྣམ་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་གྱུར་བ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་གྲོང་གསེབ་དར་སྤེལ་ལ་འབྲེལ་མཐུད་བྱེད་པར་ཁ་གསབ་མ་དངུལ་སྒོར་ཁྲག་ཁྲིག་བརྒྱད་དང་ཐེར་ཆེན་ལྔ་དུང་ཕྱུར་ལྔ་བཏང་ནས། རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང160དང་ཡུལ་གཞན་གནས་སྤོའི་གཅིག་བསྡུས་བདེ་འགོད་ས་ཚིགས་ཁྲི་གསུམ་དང་སྟོང་ལྔ་སོགས་གཙོ་གནད་ས་ཁོངས་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་བསྣན་ཡོད་པ་དང་། དབུལ་ཐར་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། དབུལ་ཐར་ཁྱིམ་ཚང་དང་ཡང་བསྐྱར་དབུལ་བོར་འགྱུར་བར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཁྱིམ་ཚང་གི་འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་མཚམས་འཇོག་པའི་གནས་ཚུལ་ཅི་ཡང་མེད། དབུལ་ཐར་མི་གྲངས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད99%ཡན་དུ་བརྟན་པོར་གནས། གྲོང་གསེབ་ཀྱི་ཁང་པ་ཉེན་ཁ་ཅན་བསྒྱུར་བཀོད་དང་ཞིང་པའི་སྡོད་ཁང་གིས་ཡོམ་འགོག་བྱ་བར་སྐུལ་སྤེལ་བཏང་བ་དང་། གྲོང་གསེབ་ཀྱི་རང་འབབ་ཆུའི་ཁྱབ་ཚད་བརྒྱ་ཆའི94ཟིན་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ནང“དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་ནས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུའི”སྐོར་ལ་བཀོད་སྒྲིག་ཁ་གསལ་བྱས་ཡོད་ཅིང་། “ཡང་བསྐྱར་དབུལ་བོར་འགྱུར་བར་སྔོན་འགོག་བྱེད་པའི་རྒྱུན་རྣམ་ཅན་གྱི་སྒྲིག་སྲོལ་གཅིག་གྱུར་འཆར་འགོད་ཀྱིས་འཛུགས་དགོས”ཞེས་བཏོན་ཡོད། དབུལ་ཐར་ས་ཁུལ་གྱིས་གོམ་སྟབས་བརྟན་པོའི་ངང་གཞི་ཁྱོན་རང་བཞིན་གྱི་སྒོ་ནས་ཡང་བསྐྱར་དབུལ་བོར་མི་འགྱུར་བའི་མཐའ་ཚད་བརྟན་པོར་བསྲུངས་ཤིང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་དང་ཐུན་མོང་ ཕྱུག་འགྱུར་ཡོང་བའི་དམིགས་འབེན་གྱི་ཕྱོགས་སུ་སྤོབས་པ་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།