ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། དམངས་ཀྱི་གནས་ཚུལ་ལ་ལྟ་ཞིབ། དམངས་ཀྱི་སྐད་ཆར་ཉན་པ། དམངས་ཀྱི་བློ་གྲོས་བསྡུ་རུབ་བཅས་ཀྱི་ལས་ཀ་རྒྱ་ཁྱབ་སྤེལ་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས། ད་སྔའི་བར་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དྲ་རྒྱ་དང་། ཚོགས་འདུ། ཞིབ་འཇུག བློ་འདྲི་སོགས་རྣམ་པ་སྣ་ཚོགས་བརྒྱུད་དེ་བསམ་འཆར་དང་གྲོས་གཞི2500ལྷག་ཙམ་བསྡུ་རུབ་བྱས་པ་དང་། སློབ་གསོ་དང་སྨན་བཅོས་སོགས་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ཇེ་མང་དང་། དམངས་གཉེར་དཔལ་འབྱོར་གསོ་སྐྱོང་དང་སྟོབས་ཆེར་བསྐྱེད་པ། མཐོ་སྒང་ཁམས་གསོའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། མཚོ་སྔོན་གྱི་སྤྲོ་གསེང་རིག་གནས་ཕྱིར་ངོམ་པ། ཟི་ལིང་གྲོང་ཁྱེར་གྱི་སྦུག་དྲའི་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ཟི་ལིང་གི་འགྲིམ་འགྲུལ་འགག་པའི་གནད་དོན་ཐག་གཅོད་ལ་སོགས་ཀྱི་བསམ་འཆར་དང་གྲོས་གཞིར་དམ་པོར་སྦྲེལ་ནས་ཞིབ་འཇུག་གང་ལེགས་ཐོག《གྲོས་གཞི》དང《རྩ་གནད》ནང་བསྡུ་ལེན་བྱས།
ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འཆར་འགོད་སྒྲིག་བཟོ་བྱ་ཆེད་རྒྱ་ཆེའི་དྲ་དམངས་དང་། གཞི་རིམ་མང་ཚོགས། ལས་འཁྱུར་ལས་བྱེད་པ། དམངས་གཉེར་ཁེ་ལས་བཅས་ལ་འདྲི་བའི“དྲི་བ་བཞིའི”བྱེད་སྒོ་རྩ་འཛུགས་ཞིབ་ཚགས་བྱས། 2024ལོའི་ཟླ10པར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལས་མཚོ་སྔོན་གྱི་འཕེལ་རྒྱས་སྐོར་ཚང་མས་གླེང་བ་སྟེ། ཆེས་བཤད་འདོད་པ་དང་། ཆེས་སེམས་ཁུར་བྱེད་པ། ཆེས་རེ་སྒུག་བྱེད་པ”ཞེས་པའི་འདྲི་ཤོག་འགྲེམས་སྤེལ་བྱས་པ་དང་། 2025ལོའི་ཟླ5པའི་ཚེས30ཉིན་ནས་བཟུང་། ཚགས་པར་དང་དྲ་རྒྱ་སོགས་ཀྱི་བྱེད་ཐབས་བརྒྱུད“ངས་མཚོ་སྔོན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཆེད་དུ་གྲོས་གཞི་འདོན”ཞེས་པའི་ཆེད་བསྒྲིགས་ལེ་ཚན་བཙུགས་ནས་སྤྱི་ཚོགས་ཀྱི་རེ་སྒུག་དང་། མང་ཚོགས་ཀྱི་བློ་གྲོས། ཆེད་མཁས་པའི་བསམ་འཆར། གཞི་རིམ་གྱི་ཉམས་མྱོང་སོགས་འཆར་འགོད་སྒྲིག་བཟོའི་ཁྲོད་ནས་བསྡུ་ལེན་གང་ལེགས་བྱས། 2025ལོའི་ཟླ4པའི་བར། ཞིང་ཆེན་སྲིད་གཞུང་གི་ལས་འཁྱུར་ལས་བྱེད་པ་རྒན་གྲས་རྩ་འཛུགས་བྱས་ནས“ངས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ལ་ཐབས་ཇུས་འབུལ་ཞེས་པའི་བཞུགས་མོལ་ཚོགས་འདུ”བསྡུས་ཏེ། ལས་བྱེད་པ་རྒན་གྲས་ཀྱིས་ཞིང་ཆེན་ཡོངས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ལ་བཏོན་པའི་བསམ་འཆར་དང་གྲོས་གཞི་ནན་ཏན་གྱིས་དོན་འཁྱོལ་བྱས། ཟླ11པར། མཚོ་སྔོན་དམངས་གཉེར་དཔལ་འབྱོར་ཇ་སྟོན་བཞུགས་མོལ་ཚོགས་འདུ་སྐབས་གསུམ་པ་བསྡུས་ནས་དམངས་གཉེར་ཁེ་ལས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་གྱུར་བྱས། ཁྱོན་བསྡོམས་གླིང་ཁུལ་གྱི་ཁེ་ལས་དང་། རྣམ་གྲངས་ཀྱི་འཐབ་ཕྱོགས་དང་པོ། གྲོང་ཁྱེར་དང་གྲོང་གསེབ་བཅས་སུ་རྟོག་ཞིབ་ཐེངས10ལྷག་ཙམ་བྱས་ཏེ་འགག་གནད་ཤེས་རྟོགས་དང་། གཞི་རིམ་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་ལ་ཤེས་རྟོགས་བྱས་པ་མ་ཟད། འཆར་འགོད་སྒྲིག་བཟོ་ནང་ཟབ་ཞུགས་གང་ལེགས་བྱས། སྔ་རྗེས་སུ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་ཆེད་མཁས་པའི་གྲོས་འགོ་དང་སྲིད་སྐྱོང་གི་ཆེད་དོན་ཚོགས་འདུ་ཐེངས་གསུམ་རྩ་འཛུགས་བྱས་ནས་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་གདན་འདྲེན་ཞུས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཐད་རྟོག་ཞིབ་བྱས།
ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་འཆར་འགོད་སྒྲིག་བཟོའི“ཇུས་གཞི་དམངས་ལ་འདྲི་བའི”བྱ་བ་མུ་མཐུད་དུ་ལེགས་པོར་བསྒྲུབ་པ་དང་། བྱེད་ཐབས་ནུས་ལྡན་སྣ་ཚོགས་བརྒྱུད་དེ་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། རྒྱ་ཆེའི་མང་ཚོགས། ཁེ་ལས་པ། ཆེད་མཁས་པ་སོགས་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞིར་ནན་ཏན་གྱིས་ཉན་པ་དང་། ཕྱོགས་སོ་སོའི་བློ་གྲོས་དང་བསམ་འཆར་མཉམ་ཤུགས་ཚད་ཆེན་པོས་ཕྱོགས་གཅིག་དུ་བསྡུས་ཏེ། འཆར་འགོད་ཀྱི་ཚན་རིག་རང་བཞིན་དང་། སྔོན་དཔག་གི་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཏན་ཏིག་ངང་ཆེ་རུ་གཏོང་འཆར་ཡོད་དོ། །