ཟླ11པའི་ཚེས27ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་སྐོར་ཞིག་རྩ་འཛུགས་བྱས་ཏེ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་འཐུས་མིའི་འབྲེལ་འདྲིས་བྱ་འགུལ་སྤེལ་ཞིང་། འཐུས་མིའི་འབྲེལ་འདྲིས་བྱ་བ་གཏིང་ཟབ་ངང་སྤེལ་བར་སྐུལ་འདེད་བཏང་།
རྟོག་ཞིབ་ཚན་ཆུང་མཚོ་སྔོན་ཝེ་སི་ཏོན་ཞོག་ཁོག་ལས་རིགས་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་། མི་ཐབས་རིག་ནུས་གཞི་གྲངས་རྟགས་འགོད་རྟེན་གཞི། ཧུའུ་ཀྲུའུ་ཁྱིམ་ལས་སྡེ་ཚོགས་བཅས་སུ་སོང་ནས། ཡུལ་དངོས་རྟོག་ཞིབ་དང་བཞུགས་མོལ་བརྗེ་རེས་བརྒྱུད་དེ། ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་རོགས་སྐྱོར་སོགས་ཀྱི་བྱ་བ་བསྒྲུབ་པའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས།
དེའི་རྗེས་སུ་འཚོགས་པའི་འཐུས་མིའི་འགན་སྒྲུབ་བཞུགས་མོལ་ཚོགས་འདུའི་སྟེང་། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་གསར་དུ་བཟོ་བཅོས་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་ཀྱི་རིམ་པ་སོ་སོའི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས》གཅིག་བསྡུས་སློབ་སྦྱོང་བྱས་པར་མ་ཟད། རང་ཉིད་ཀྱི་འགན་སྒྲུབ་བརྒྱུད་རིམ་དང་ཟུང་འབྲེལ་བྱས་ཏེ། འགན་སྒྲུབ་ཉམས་མྱོང་བརྗེ་རེས་དང་མཉམ་སྤྱོད་བྱས།
རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། སྙིང་རུས་ལྷོད་མེད་ཀྱིས་འབྲེལ་འདྲིས་དྲུག་གི་ལམ་ལུགས་ཟབ་སྤེལ་དང་རྒྱ་བསྐྱེད་གཏོང་དགོས་ལ། ཡུལ་ཚོ་དང་གྲོང་རྡལ་གྱི་དམངས་ཆེན་འཐུས་མིའི་འབྲེལ་འདྲིས་ཁང་དང་སྡེ་བའི་དམངས་ཆེན་འཐུས་མིའི་བྱ་འགུལ་ཁང་། དམངས་ཆེན་འཐུས་མིའི་དྲ་རྒྱའི་འགན་སྒྲུབ་སྟེགས་བུ་བཅས་ལ་བརྟེན་ནས། འཐུས་མིའི་ནུས་པ་འདོན་སྤེལ་ལེགས་པོ་བྱ་དགོས། ཐེངས་མང་པོར་སློབ་སྦྱོང་དང་རྟོག་ཞིབ་བྱས་ཏེ། རང་ངོས་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། ཁྲིམས་ལུགས་ཤེས་བྱ་སློབ་སྦྱོང་བྱེད་པ། ཞིང་ཆེན་གྱི་གནས་ཚུལ་རྒྱུས་ལོན་བྱེད་པ་དང་། དམངས་ཀྱི་འདོད་བློ་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱས་ཏེ། ཁྲིམས་མཐུན་འགན་སྒྲུབ་ལ་རྨང་གཞི་བརྟན་པོ་འདིང་དགོས། ཧུར་ཐག་གིས་རང་འགུལ་འགན་སྒྲུབ་བྱེད་པ་དང་། འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ལྟེ་བའི་བྱ་བར་དམིགས་པ་དང་། དམངས་ཚིས་ཚ་གནད་ལ་དོ་སྣང་བྱེད་པ། བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱེད་པ་དང་། སྤུས་ཚད་མཐོ་བའི་བསམ་འཆར་དང་གྲོས་གཞི་བཏོན་ནས། དངོས་ཡོད་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། འགན་སྒྲུབ་ཕན་ནུས་ཇེ་ཆེར་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ། མང་ཚོགས་ཀྱི་འབོད་སྒྲར་ཉན་པ་དང་། མང་ཚོགས་ཀྱི་རེ་འདུན་ལ་ཚུར་སྣང་བྱ་དགོས། རིམ་པ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་པའི་བྱ་འགུལ་སྣ་ཚོགས་ཁྲོད་ཧུར་ཐག་གིས་ཟབ་ཞུགས་བྱ་དགོས། ཞིང་ཆེན་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་དང་ཆེད་ལས་འཐུས་མིའི་ཚན་ཆུང་གི་འབྲེལ་འདྲིས་ལ་ཤུགས་བསྣན་ནས། བྱ་བའི་མཉམ་ཤུགས་ཆགས་པར་བྱེད་པ་དང་། དམངས་ཆེན་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་མཉམ་དུ་སྐུལ་འདེད་གཏོང་དགོས།