ཞི་ཅིན་ཕིང་གིས་ཀྲུང་གོའི་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་ཚོགས་མིའི་འཐུས་ཚབ་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུ་འཕྲིན་སྤྲིངས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཀྲུང་གོའི་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་ཚབ་ཚོགས་ཆེན་སྐབས་གསུམ་པ་འཚོགས་པའི་སྐབས་ལ་དམིགས་ཏེ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས། རྒྱ་ཆེའི་དང་བླངས་པ་དང་དང་བླངས་ཞབས་ཞུའི་རྩ་འཛུགས། དང་བླངས་ཞབས་ཞུའི་བྱ་བ་སྒྲུབ་མཁན་བཅས་ལ་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་འཕྲིན་དུ། དང་བླངས་ཞབས་ཞུ་ནི་སྤྱི་ཚོགས་དཔལ་ཡོན་ཡར་ཐོན་གྱི་མཚོན་རྟགས་གལ་ཆེན་ཞིག་དང་། དང་བླངས་པས་མི་གཞན་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་བྱས་རྗེས་འཇོག་པའི་ཐབས་ལམ་གལ་ཆེན་ཞིག་རེད། སྐྱོད་ལམ་གསར་པའི་ཐོག རྒྱ་ཆེའི་དང་བླངས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། དང་བླངས་ཞབས་ཞུའི་བྱ་བ་སྒྲུབ་མཁན་བཅས་ཀྱིས་དང་བླངས་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་ནང་ཧུར་ཐག་གིས་ཞུགས་པ་དང་། རྒྱལ་ཁབ་འཐབ་ཇུས་དང་དམངས་འཚོ། སྤྱི་ཚོགས་བཅོས་སྐྱོང་བཅས་ལ་ཞབས་འདེགས་ཞུ་བའི་ཁྲོད་བདེན་དགེ་མཛེས་གསུམ་བརྒྱུད་སྤེལ་དང་དྲང་ནུས་ཁྱབ་སྤེལ་བྱས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ཆེད་དུ་དང་བླངས་ཞབས་ཞུའི་སྟོབས་ཤུགས་འབུལ་དགོས་པ་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དགོས་པ་དང་འགན་འཁྲི་ནན་ཏན་བསྒྲུབས་ནས་དང་བླངས་ཞབས་ཞུའི་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་དང་བླངས་ཞབས་ཞུའི་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་ནས་སྤྱི་ཚོགས་ཡོངས་སུ་དང་བླངས་ཞབས་ཞུར་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་ཞིག་བསྐྲུན་དགོས།

ཀྲུང་གོ་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་ཚོགས་མིའི་འཐུས་ཚབ་ཚོགས་ཆེན་ཚེས27ནས་ཚེས28ཉིན་བར་པེ་ཅིང་དུ་འཚོགས་ཏེ། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས།

ཀྲུང་གོའི་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ནི2013ལོའི་ཟླ12པར་བཙུགས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས་དང་། དང་བླངས་པ། དེ་མིན་འབྲེལ་ཡོད་སྡེ་ཁག་དང་། རྩ་འཛུགས། མི་སྒེར་བཅས་ཀྱིས་རང་མོས་ངང་གྲུབ་པའི་རྒྱལ་ཡོངས་རང་བཞིན་དང་། མཉམ་འབྲེལ་རང་བཞིན། ཁེ་གཉེར་མིན་པའི་སྤྱི་ཚོགས་རྩ་འཛུགས་ཞིག་ཡིན་ཏེ། ལོ་ངོ་མང་པོའི་རིང་། རང་རྒྱལ་གྱི་དང་བླངས་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་མི་དམན་པ་བཞག་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།