ད་ལོའི་ཟླ12པའི་ཟླ་སྟོད་དུ། མཚོ་སྔོན་གྱི་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་དང་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཁོངས་གཏོགས་སྨན་དང་པོ་མཚོ་སྔོན་སྨན་ཁང་། མྱུར་སྐྱོབ་སྨན་བཅོས་དང་རོགས་སྐྱོབ་ལྟེ་གནས་མཚོ་སྔོན་སྨན་ཁང་བཅས་ཀྱིས་རྒྱུན་ལྡན་ངང་ལས་གཉེར་བྱེད་རྒྱུ་རེད། དེས་ཞིང་ཆེན་ནང་ཁུལ་གྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་རིམ་སྤོར་རྒྱ་བསྐྱེད་བྱས་པ་དང་། མང་ཚོགས་ཀྱི་ས་ཁོངས་བརྒལ་ནས་སྨན་བཅོས་བྱེད་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། འདི་ནི་མཚོ་སྔོན་གྱིས་ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་རྒྱལ་ཁབ་ཀྱི་པུའུ་ཨུའི་ཤུགས་ཆེན་པོའི་མཛུབ་སྟོན་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་རྒྱབ་སྐྱོར་འོག་ཏུ། གཞུང་བཙུགས་སྨན་ཁང་བཅོས་བསྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་བླངས་པ་རེད།
ཉེ་བའི་ལོ་འདི་འགར། མཚོ་སྔོན་གྱིས་མཐོ་སྒང་མི་དམངས་ཀྱི“ནད་བཅོས་བྱེད་པར་ས་ཐག་རིང་བ་དང་ནད་བཅོས་བྱེད་དཀའ་བ། ནད་བཅོས་ཀྱི་གོང་མཐོ་བ”བཅས་ཀྱི་གནད་དོན་ལ་དམིགས་ཏེ། མུ་མཐུད་དུ་སྨན་བཅོས་ཐོན་ཁུངས་ཀྱི་བཀོད་སྒྲིག་ནུས་ཤུགས་ཆེར་བསྐྱེད་བྱས། ཟི་ལིང་གྲོང་ཁྱེར་ལ་བདེ་བླག་ངང་རྒྱལ་ཁབ་གཞུང་བཙུགས་སྨན་ཁང་བཅོས་བསྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ལས་གཞིའི་ཆོག་མཆན་ཐོབ། མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུལ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་ཞིང་ཆེན་རིམ་པའི་སྨན་བཅོས་ལྟེ་གནས་སུ་འཛུགས་བསྐྲུན་བྱེད་པའི་བཀོད་སྒྲིག་བྱས་ཡོད་ལ། ཁུལ་དང་གྲོང་ཁྱེར8ཀྱི་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་ཡོངས་སུ་ཁེབས་ཡོད། ཐོན་ཁུངས་བཀོད་སྒྲིག་ལེགས་བསྒྱུར་བྱེད་པ་དང་། རྒྱུན་མཐུད་ངང་རིམ་པ་སོ་སོའི་གཞུང་བཙུགས་སྨན་བཅོས་ལས་ཁུངས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་སྟེ། ནུས་ལྡན་ངང་མང་ཚོགས་ཀྱིས་མངའ་ཁུལ་བརྒལ་ནས་སྨན་བཅོས་བྱེད་པའི་དཀའ་ཁག་སེལ་ཡོད།
དེ་དང་མཉམ་དུ། “ཚོགས་སྒྲིག་རྣམ་པའི”སྨན་བཅོས་འཇོན་མི་ཡིས་གནད་ལ་ཁེལ་བའི་སྒོ་ནས་མཚོ་སྔོན་ལ་རོགས་སྐྱོར་བྱས། མིག་སྔར། རོགས་སྐྱོར་རྫོང14དང་ཁུལ་གྲོང་ཁྱེར་གྱི་མི་དམངས་སྨན་ཁང6བཅས་རོགས་སྐྱོར་ཁྱབ་ཁོངས་སུ་བཅུག མཚོ་སྔོན་སྨན་བཅོས་རོགས་སྐྱོར་ཚོགས་པས་ཕུལ་དུ་བྱུང་བའི་སྨན་བཅོས་ལག་རྩལ་དང་བློས་གཏོང་གི་སྙིང་སྟོབས་ལ་བརྟེན་ནས། ལག་རྩལ་གྱི་སྟོབས་ཤུགས་དང་འཇོན་མིའི་རྨང་རྡོ། དོ་དམ་གྱི་ལས་ཆོད་བཅས་སྲོག་ཤིང་དུ་བཟུང་སྟེ། མཚོ་སྔོན་གྱི་བོད་འབྲེལ་ས་ཁུལ་སོ་སོར་རིམ་བསྟར་གསར་གཏོད་ལག་ལེན་སྤེལ་བ་དང་། རོགས་སྐྱོར་བྱས་པའི་སྨན་ཁང20ལ“ལྟེ་གནས་ལྔ”འཛུགས་བསྐྲུན་བྱས་ཏེ། ཁྱོན་བསྡོམས་ལག་རྩལ་གསར་གཏོད་ལས་གཞི1386སྤེལ་བ་དང་། ནད་པ་ཚབས་ཆེན་འབུམ་གཅིག་ཁྲི་བརྒྱད་སྟོང་གཉིས་བདུན་བརྒྱར་སྨན་བཅོས་ལེགས་འགྲུབ་བྱུང་བ་སོགས་བྱས་ཏེ། རྒྱུན་མཐུད་ངང་མཐོ་སྒང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི་མཆོང་བསྐྱོད་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།