གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། རྨ་ལྷོ་ཁུལ་གྱིས་ཐང་ག་ཁྲིའི་འགྲེམ་སྟོན་དང་། བྲིས་མཁན་སྟོང་གི་མཉམ་བྲིས་ཐང་ག མི་ཁྲི་མཉམ་འདུས་ཀྱི་ལྷ་རྩེད་ཆེན་མོ། མི་སྟོང་གི་མདའ་སྟོན་སོགས་འཛམ་གླིང་གི་ཟིན་ཐོ་དང་ཅི་ཉི་སིའི་ཟིན་ཐོ་བཅུ་དྲུག་ཁས་ལེན་ལེགས་འགྲུབ་བྱུང་བར་བརྟེན། ཞིང་ཆེན་ཡོངས་སུ་འཛམ་གླིང་གི་ཟིན་ཐོ་ཆེས་མང་བའི་ས་ཁུལ་དུ་གྱུར་ཞིང་། དབྱེ་འབྱེད་བྱེད་ཚད་མཐོ་ལ་ཤུགས་རྐྱེན་ཆེ་བའི་ཁུལ་ཁོངས་རང་བཞིན་གྱི་རིག་གནས་ཡུལ་སྐོར་ཟོང་རྟགས་བསྐྲུན་པ་དང་། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱེད་པར་རྨ་ལྷོའི་སྒུལ་ནུས་བསྣན།
རྨ་ལྷོ་ཁུལ་གྱིས་མཚོ་སྔོན་གྱི་ཤར་ལྷོའི་སྒོ་ཆེན་གྱི་ཡུལ་བབ་དགེ་མཚན་ལ་རྐང་བཙུགས་ཤིང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་དང་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་ཟུང་གི་རིན་ཐང་ལ་བརྟེན་ནས། རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་འདྲེས་པ་དང་། སྲིད་ཇུས་ཀྱི་བྱེད་ཐབས་སྣ་མང་བཏོན། 《རྨ་ལྷོ་ཁུལ་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་མཚོ་སྔོན་གྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་ཤར་ལྷོའི་སྒོ་ཆེན་གྱི་ལག་བསྟར་ཇུས་གཞི》དེ་ཁྲིད་སྟོན་དུ་བྱས་ནས། རིག་གནས་ཡུལ་སྐོར་འཛད་སྤྱོད་ཚོད་ལྟའི་གནས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་དཔེ་སྟོན་ཁུལ་བསྐྲུན་པ། ཁུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་འཆར་འགོད་བཅས་ཀྱི་ཇུས་གཞི་ཆེན་མོ་གསུམ་སྡེབ་སྒྲིག་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཐབས་ལམ་བཀོད་སྒྲིག་དང་འགན་སྲུང་འདོན་སྤྲོད་བྱས།
སྲིད་ཇུས་ཀྱི་སྣེ་ཁྲིད་འོག རྨ་ལྷོ་ཁུལ་གྱིས་མ་ལག་འཛུགས་བསྐྲུན་གྱི་མི་འདང་ས་ཁ་གསབ་དང་རྨང་གཞི་སྲ་བརྟན་ལ་གཞི་བཙུགས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཕྱོགས་རྐྱང་འགག་སྒྲོལ་ནས་མ་ལག་མཐོར་འདེགས་སུ་བསྒྱུར་བར་སྐུལ་འདེད་བཏང་། གཟུགས་འདུས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་ཕྱོགས་ནས། ཁུལ་ཡོངས་ཀྱི་རིམ་པ་བཞི་བའི་གཟུགས་འདུས་ཤུལ་བཞག་མིང་ཐོའི་རྣམ་གྲངས701ལ་སླེབས་པ་དང་། འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ594ངོས་འཛིན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྲོལ་རྒྱུན་སྒྱུ་རྩལ་རྒྱུན་འཛིན་བྱས། ལྗོངས་ཁུལ་འཛུགས་སྐྲུན་གྱི་ཕྱོགས་ནས། Aརིམ་པའི་ལྗོངས་ཁུལ་གྱི་སྤྱིའི་ཁ་གྲངས21ལ་འཕར་བ་དང་། སྣ་མང་ཡུལ་སྐོར་གྱི་དགོས་མཁོ་བསྐངས་ཡོད། ཁྱད་ལྡན་ཐོན་རྫས་མ་ལག་འཐུས་ཚང་དུ་བཏང་བ་དང་། ཐུན་རིན་གྱི“རེབ་གོང་རིག་གནས”དང་། གཅན་ཚའི“མདའ་འཕེན་རིག་གནས།” ཧི་ནན་གྱི“བོད་སོག་རིག་གནས”། རྩེ་ཁོག་གི“ཡུལ་སྐོར་རིག་གནས”བཅས་ས་ཁུལ་གྱི་ཁྱད་ཆོས་ལ་བརྟེན་ནས། ཐང་ཀ་དང་གཙགས་དྲུབ་སོགས་རིགས་ཆེན་པོ13དང་། རིག་གནས་གསར་གཏོད་ཐོན་རྫས་ཆིག་སྟོང་ལྷག་ཞིབ་འཇུག་དང་གསར་སྤེལ་བྱས་པས། མི་རིགས་ཀྱི་ལག་བཟོས་སྒྱུ་རྩལ་གྱི་ཟོང་རྟགས་བསྐྲུན་པར་མ་ཟད། རིག་གནས་ཡུལ་སྐོར་གྱི་ཁྲོམ་རའི་མཁོ་འདོན་ཕུན་སུམ་ཚོགས་པར་བྱས། ཟོང་རྟགས་བྱ་འགུལ་གྱི་སྒྲིག་གཞི་ཡིས“མཚོ་སྔོན་རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན”གཙོ་བོར་བཟུང་ནས། “གཟའ་འཁོར་གཉིས་དང་འགྲན་སྡུར་བཞི། དུས་ཆེན་བཞི”བཅས་ཁྱད་ལྡན་བྱ་འགུལ་གྱི་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། རིག་གནས་ཡུལ་སྐོར་གྱི་འགུག་ཤུགས་མཐོར་འདེགས་སུ་བཏང་ཡོད། རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་ཚོགས་པའི་མ་དངུལ་བཏང་བའི་ལས་གཞི《སྲོང་བཙན་སྒམ་པོ།》《ཡིད་འཕྲོག་ལྷ་མོ།》《གྱིམ་ཤིང་ཀོང་ཇོ》སོགས་ཟློས་གར་གྱི་འཁྲབ་གཞུང་ཆེན་མོ་འཁྲབ་སྟོན་དང་གསར་སྒྲིག་བྱས་ནས། རྨ་ལྷོའི་རིག་གནས་ཀྱི་མཛེས་པ་བརྒྱུད་བསྒྲགས་བྱས།