ལུའོ་ཏུང་ཁྲོན་གྱིས་ཀྲུང་གོའི་ཡུལ་སྐོར་སྡེ་ཚོགས་ཀྱི་སྤྱི་གཉེར་བ་ཧྥན་ཡུན་ཅུན་སོགས་ལ་ཐུག་འཕྲད་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ11པའི་ཚེས28ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཀྲུང་གོའི་ཡུལ་སྐོར་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཧྥན་ཡུན་ཅུན་སོགས་ལ་ཐུག་འཕྲད་བྱས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཧྥན་ཡུན་ཅུན་སོགས་ལ་དགའ་བསུ་ཞུས་པ་དང་། ཀྲུང་གོའི་ཡུལ་སྐོར་སྡེ་ཚོགས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་གྱི་འཕེལ་རྒྱས་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། ཀྲུང་གོའི་ཡུལ་སྐོར་སྡེ་ཚོགས་དེ་རང་རྒྱལ་གྱི་ཡུལ་སྐོར་ལས་རིགས་ཀྱི་ཀྲུང་དབྱང་གི་གཙོ་ཁྲིད་ཁེ་ལས་ཡིན་པའི་ཆ་ནས། སྐྱེ་ཁམས་ཡུལ་སྐོར་གསར་སྤེལ་དང་། རིག་གནས་ཡུལ་སྐོར་ཟོང་རྟགས་ཚོང་གཉེར་བྱེད་པ། དཔྱ་ཁྲལ་མེད་པར་གཏོང་བའི་ལས་སྒོ་རྒྱ་བསྐྱེད་སོགས་ཀྱི་ཁྱབ་ཁོངས་སུ་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་ཉམས་མྱོང་བཟང་པོ་ཡོད། མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ལ་དམིགས་བསལ་གྱི་དགེ་མཚན་ལྡན་ཞིང་། འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ལྡན་པས། མིག་སྔར་ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་ཡུལ་སྐོར་དམིགས་ས་བསྐྲུན་བཞིན་ཡོད་ལ། རི་ཆུའི་འགོ་ཁུངས། རབ་མཛེས་མཚོ་སྔོན་གྱི་ཟོང་རྟགས་ཀྱི་ཤུགས་རྐྱེན་བསྟུད་མར་ཆེ་རུ་འགྲོ་བཞིན་ཡོད། མཚོ་སྔོན་དང་མཉམ་དུ་ཡུལ་སྐོར་ཐོན་ཁུངས་ཀྱི་སྤྱིའི་འཆར་འགོད་དང་། ལྗོངས་ཁུལ་གསར་སྤེལ་ཚོང་གཉེར། གསར་གཏོད་འཛད་སྤྱོད་ཁུལ། རིག་གནས་ཡུལ་སྐོར་གྱི་འཇོན་མི་སྐྱེད་སྲིང་། རིག་ནུས་ཡུལ་སྐོར་མ་ལག་འཛུགས་སྐྲུན་སོགས་ཐད་ཀྱི་དངོས་གཉེར་མཉམ་ལས་སྔར་ལས་ཟབ་སྤེལ་བྱས་ཏེ། ཁྱད་ལྡན་སྤུས་ལེགས་སྐྱེ་ཁམས་ཡུལ་སྐོར་ཟོང་རྟགས་བསྐྲུན་པ་དང་། ཐོན་ཁུངས་མཉམ་སྤྱོད་དང་དགེ་མཚན་གསབ་རེས། མཉམ་རྒྱལ་འཕེལ་རྒྱས་བཅས་མངོན་འགྱུར་བྱེད་པའི་རེ་བ་བཅངས་ཡོད།

ཧྥན་ཡུན་ཅུན་གྱིས་ཁེ་ལས་ཀྱི་མཚོ་སྔོན་གྱི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁེ་ལས་ཀྱི་ཐོན་ལས་ཕྲེང་འབྲེལ་ཧྲིལ་བོའི་དགེ་མཚན་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་གྱི་དངུལ་གཏོང་སྔར་ལས་རྒྱ་བསྐྱེད་པ། ལས་སྒོའི་སྒྲིག་གཞི་སྔར་ལས་ཇེ་ཆེར་བཏང་སྟེ། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་པར་བསྟན།

ཁྲིན་ཅེ་ཝེ་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།