མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་ཐོན་ལས་གཏམ་རྒྱུད་ཁྱབ་བསྒྲགས་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས24ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་པ་ལྟར་ན།  ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཞིབ་ཚགས་ངང་རྩོམ་སྒྲིག་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་ཐོན་ལས་གཏམ་རྒྱུད་ཉེ་ཆར་ཁྱབ་བསྒྲགས་བྱས། བརྩམས་ཆོས་འདིས་མཚོ་སྔོན་གྱི་ནོར་གནག་དང་། བོད་ལུག ནས། ལོག་དཀར།  ཞོག་ཁོག  འཁྱགས་ཆུའི་ཉ། གྲང་བསིལ་སྔོ་ཚལ།  འཕང་འབྲས། རྒྱ་གྲོ།  གཟན་རྩྭ། འཐེན་ཐུག་བཅས་ཁྱད་ཆོས་ལྡན་པའི་ཐོན་ལས་ཆེན་པོ11གི་འཕེལ་རྒྱས་བརྒྱུད་རིམ་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཡོད། ལོ་རྒྱུས་རིག་གནས་ཀྱི་འབྱུང་ཁུངས་དང་། སྐྱེ་ཁམས་ཁོར་ཡུག་གི་ལྷན་ནུས། ཐོན་རྫས་ཀྱི་སྤུས་ཀའི་ཁྱད་ཆོས། ཐོན་ལས་གཞི་ཁྱོན་གྱི་འཕེལ་འགྱུར་ནས་ཚན་རྩལ་གྱི་འདེགས་སྐྱོར་ཚད་བརྒལ་སོགས་ཀྱི་ཕྱོགས་སུ་མཚོ་སྔོན་གྱི་ཞིང་ཕྱུགས་ལས་རིགས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་དབྱར་མཚོ་རྒྱས་པ་ལྟ་བུའི་སྦས་ཤུགས་མངོན་པར་བྱས་ཡོད། དཔེ་ཆ་དེ་ཁྱབ་བསྒྲགས་བྱས་པ་ལས་མཚོ་སྔོན་གྱི་ཞིང་ཕྱུགས་ལས་མ་ལག་རང་བཞིན་གྱི་དྲིལ་བསྒྲགས་ཀྱི་སྟོང་ཆ་ཁ་སྐོང་བྱས་པར་མ་ཟད།  དབང་གྲགས་ལྡན་པའི་རྒྱས་བཤད་རྟེན་གཞིར་བྱས་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་ཟོང་རྟགས་ཅན་དང་། ཚད་ལྡན་ཅན། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་རིག་གནས་ཀྱི་སྒུལ་ཤུགས་དང་འཐབ་ཇུས་སྣེ་ཁྲིད་ཁ་བསྣོན་བྱས་ཡོད།

མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་ཐོན་ལས་གཏམ་རྒྱུད་ཀྱིས་གཞུང་ཕྱོགས་ཀྱི་མཐོང་ཕྱོགས་ནས་ཐོན་ལས་ཀྱི་ལོ་རྒྱུས་རྒྱུད་རྒྱུ་དང་དེང་རབས་ཀྱི་ལག་ལེན་ལ་ཐོག་མར་བསྡུ་སྒྲིལ་བྱས་ཏེ། མཐོ་སྒང་དང་། ལྗང་མདོག  སྐྱེ་ལྡན་བཅས་ཀྱི་ཁྱད་གཤིས་དེ་ལྐོག་གྱུར་ནས་བྱེ་བྲག་གི་སྣང་བརྙན་དུ་བསྒྱུར་ཡོད།  བརྩམས་ཆོས་དེས་སྲོལ་རྒྱུན་གྱི་དགེ་མཚན་ཕྱིར་དྲན་བྱེད་པའི་ཞོར་དུ།  ཚན་རྩལ་ནུས་འདོན་འོག་གི་ཐོན་ལས་བཅོས་བསྒྱུར་ལ་སྔར་བས་དོ་སྣང་བྱས་ཏེ།  མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས། མཐུན་སྦྱོར་མཉམ་སྤེལ་ཁྲོད་བློ་གྲོས་འཚོལ་ཞིབ་མངོན་པར་བྱས་ཡོད།

དཔེ་ཆའི་ནང་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན།  2025ལོའི་ཟླ9བར།  མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ལྡན་ལྟ་ཞིབ་ཚད་ལེན་ཁས་ལེན་ཐོབ་པའི་རྩྭ་ཐང་རྒྱ་ཁྱོན་མུའུ་དུང་ཕྱུར་3.4ལས་བརྒལ་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ནུས་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཆེད་མཁས་པས་ལག་ལེན་དེ་དག་ནི་མཚོ་སྔོན་གྱི་ཐོན་ལས་གསར་གཏོད་ཡིན་པ་མ་ཟད། མཐོ་སྒང་ས་ཁུལ་གྱི་སྐྱེ་ཁམས་གཙོར་འཛིན་པ་དང་། ཚན་རྩལ་ནུས་སྩོལ། ཐོན་ལས་རིམ་སྤོར་བཅས་ཀྱི་འཕེལ་རྒྱས་དཔེ་སྲོལ་བཙུགས་ནས་རིགས་གཅིག་ས་ཁུལ་ལ་ལད་མོ་བྱས་ཆོག་པའི་མཐོ་སྒང་གི་ཇུས་གཞི་མཁོ་འདོན་བྱས་ཡོད་ཅེས་གདེང་འཇོག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།